བཙོན་དུ་ཡོད་པའི་ཨི་ལཱམ-ཏྲོ་ཧེ་ཊི་ཡི་ཚབ་ཏུ་ཁོང་གི་བུ་མོས་ཡུ་རོབ་མཐུན་ཚོགས་ཀྱི་གཟེངས་རྟགས་བླངས་འདུག
རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་ཨི་ལཱམ-ཏྲོ་ཧེ་ཊི་(Ilham Tohti) ཡུ་རོབ་མཐུན་ཚོགས་ཀྱི་གཟེངས་རྟགས་བཞེས་སུ་ཕེབས་ཐབས་མེད་པས། ཁོང་གི་བུ་མོས་ཚབ་བྱས་ཏེ་གཟེངས་རྟགས་དེ་བླངས་ཡོད་འདུག
རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་ཨི་ལཱམ-ཏྲོ་ཧེ་ཊི་(Ilham Tohti) ཡུ་རོབ་མཐུན་ཚོགས་ཀྱི་གཟེངས་རྟགས་བཞེས་སུ་ཕེབས་ཐབས་མེད་པས། ཁོང་གི་བུ་མོས་ཚབ་བྱས་ཏེ་གཟེངས་རྟགས་དེ་བླངས་ཡོད་འདུག
ཡུ་རོབ་མཐུན་ཚོགས་ཀྱི་༢༠༡༩ ལོའི་སཱ་ཁ་རོ་གཟེངས་རྟགས(the Sakharov Prize) དེ་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་པ་དང་། དཔལ་འབྱོར་རིག་པའི་སློབ་དཔོན་ཨི་ལཱམ-ཏྲོ་ཧེ་ཊི་ལ་ཐོབ་པ་དང་། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དངོས་དེ་ཕྱི་ཟླ་༡༢ པའི་ཚེས་ ༡༨ ཉིན་ཧྥ་རན་སིའི་གྲོང་ཁྱེར་སི་ཏྲར་སི་སྦག་(Strasbourg) ཏུ་འཚོགས། འོན་ཀྱང་ཁོང་རྒྱ་ནག་གི་བཙོན་ཁང་ནས་གློད་གྲོལ་མ་ཐོབ་པར་བརྟེན། ཁོང་གི་བུ་མོ་ཇོ་ཧར-ཨི་ལཱམ་(Jewher Ilham) གྱིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་བླངས་ཡོད་འདུག
ཇོ་ཧར-ཨི་ལཱམ་གྱིས་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་དང་ལེན་བྱེད་པའི་སྐབས། རང་གི་ཨ་ཕའི་ལྷག་བསམ་དང་སྙིང་སྟོབས་སྐོར་གྱི་གཏམ་བཤད་སེམས་འགུལ་ཐེབས་པ་ཞིག་སྤེལ་བའི་ནང་། མོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆབ་སྲིད་པ་དང་། ཤེས་ཡོན་པ། སློབ་མ་བཅས་ལ་རྒྱ་ནག་གིས་ཡུ་གུར་མི་མང་ལ་སྡུག་སྦྱོང་མནར་གཅོད་གཏོང་སྟངས་དེར་ངོ་རྒོལ་བྱེད་པའི་རེ་སྐུལ་ཞུས་པ་མ་ཟད། འགོ་ཁྲིད་ཚོས་“རྒྱ་ནག་དང་ངན་པ་ལག་སྦྲེལ་བྱས་ཏེ་ཡུ་གུར་མི་མང་ལ་སྡུག་སྦྱོང་”བྱེད་མི་ཉན་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག
ཨ་ཕའི་གནས་སྟངས་སྐོར་ལ། མོས་“ང་ལ་ཁོང་གི་གཏམ་རྒྱུད་བཤད་པའི་གོ་སྐབས་ཐོབ་པར་དགའ་པོ་བྱུང་། རྒྱུ་མཚན་ནི་ཁོང་རང་ཉིད་ཀྱིས་གསུང་ཐུབ་ཀྱི་མེད། ཁྱེད་ཅག་ལ་དྲང་པོ་བཤད་ན། ངས་རང་ཉིད་ཀྱི་ཨ་ཕ་གང་དུ་ཡོད་མེད་མི་ཤེས། ༢༠༡༧ ལོ་ནི་ང་ཚོའི་ཁྱིམ་ཚང་གིས་ཁོང་གང་ཡོད་ཀྱི་གནས་ཚུལ་གོ་བའི་དུས་ཚོད་མཐའ་མ་དེ་ཡིན་”ཞེས་བཤད་རྗེས། མོས་ད་ལྟ་ཁོང་གསོན་པོ་ཡིན་མིན་ཡང་ཤེས་ཀྱི་མེད་ཅེས་བཤད་ཡོད་འདུག
ཨི་ལཱམ-ཏྲོ་ཧེ་ཊི་ནི་དེ་སྔོན་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་ཡིན་པ་དང་། ཁོང་གིས་ཡུ་གུར་མི་རིགས་ཐོག་རྒྱ་ནག་གིས་བཟུང་བའི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་རྐྱེན། ཕྱི་ལོ་༢༠༡༤ ལོར་ཉིན་གཉིས་རིང་ཁྲིམས་བཤེར་བྱས་རྗེས། ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ད་ལྟའང་བཙོན་ཁང་དུ་ལྷག་ཡོད།
ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཌ་ཝི་ཌི-ས་སོ་ལི་(David Sassoli) ཡིས་“དེ་རིང་ནི་སྨྲ་བརྗོད་རང་དབང་ལ་ཆེ་མཐོང་སྤྲོད་པའི་དུས་ཚོད་སྐྱིད་པོ་ཞིག་ཡིན་དགོས་རུང་། དེའི་ཚབ་ཏུ་སྡུག་བསྔལ་གྱི་ཉིན་མོ་ཞིག་རེད། [གཟེངས་རྟགས་བཞེས་མཁན་]གྱི་འདུག་སྟེགས་འདི་སླར་ཡང་སྟོང་པར་ལུས་ཡོད། རྒྱུ་མཚན་ནི་ང་ཚོ་འཚོ་གནས་བྱེད་སའི་འཛམ་གླིང་ནང་། ང་ཚོའི་རང་དབང་ལོངས་སུ་སྤྱོད་རྒྱུ་དེ་རྟག་ཏུ་རང་དབང་མ་རེད་”ཞེས་བརྗོད་དེ་འཐབ་རྩོད་པ་ཁོང་གི་འདུག་སྟེགས་སྟོང་བ་ལྷག་པ་དེར་སེམས་སྡུག་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་པ་དང་ཡུ་གུར་གྱིས་མཚོན་པའི་གྲངས་ཉུང་མི་རིགས་རྣམས་རྩ་མེད་བཟོ་བའི་སྲིད་བྱུས་གདུག་རྩུབ་ཅན་ལག་བསྟར་བྱས་དང་བྱེད་མུས་སུ་ཡོད་པ་མ་ཟད། ལྷག་པར་དུ་ཉེ་བའི་ལོ་འགའི་ནང་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བཙོན་ཁང་ཆེན་མོར་བཙུད་དེ་བཙན་གྱིས་“རྒྱ་རིགས་སུ་སྒྱུར་བཞིན་”པ་ལ། མང་གཙོ་དང་རང་དབང་ལ་མོས་པའི་འཛམ་གླིང་མི་མང་ནས་སྐྱོན་བརྗོད་བྱེད་པ་ཇེ་ཆེར་འགྱུར་གྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།