བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུས་སོང་།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༡༩ ལོ་ནས་༢༠༢༡ བར་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་འོག་གནས་སྟངས་གང་ཡང་ཤེས་རྟོགས་དཀའ་བའི་བོད་ཀྱི་བཙོན་འོག་རྩོམ་པ་པོ་བདུན་གྱི་སྐོར་དང་འབྲེལ་བའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་ནས། བོད་ནང་གི་གནས་བབ་སྤྱི་དང་། བྱེ་བྲག་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་པོ་ཞིག་ལ་དམིགས་བསལ་དམ་དྲག་བྱེད་བཞིན་པའི་གནས་བབས་ལ། ཚད་མེད་པའི་བློ་ཕམ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་གཞུང་སྒེར་གྱི་སྡེ་ཁག་ཚང་མས་སྐྱོན་བརྗོད་དྲག་པོ་བྱ་དགོས་པའི་འབོད་སྐུལ་གནང་སོང་།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༡༩ ལོ་ནས་༢༠༢༡ བར་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་འོག་གནས་སྟངས་གང་ཡང་ཤེས་རྟོགས་དཀའ་བའི་བོད་ཀྱི་བཙོན་འོག་རྩོམ་པ་པོ་བདུན་གྱི་སྐོར་དང་འབྲེལ་བའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་ནས། བོད་ནང་གི་གནས་བབ་སྤྱི་དང་། བྱེ་བྲག་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་པོ་ཞིག་ལ་དམིགས་བསལ་དམ་དྲག་བྱེད་བཞིན་པའི་གནས་བབས་ལ། ཚད་མེད་པའི་བློ་ཕམ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་གཞུང་སྒེར་གྱི་སྡེ་ཁག་ཚང་མས་སྐྱོན་བརྗོད་དྲག་པོ་བྱ་དགོས་པའི་འབོད་སྐུལ་གནང་སོང་།
ཟླ་༡༡ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཡིན་པ་དང་བསྟུན། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཉིན་མོ་དེ་སྲུང་བརྩི་ཞུས་སོང་།
ཕྱི་ལོ་༢༠༢༡ ལོ་ནི་རྒྱལ་སྤྱིའི་པེན་མཐུན་ཚོགས་བཙུགས་ནས་ལོ་ངོ་༡༠༠ འཁོར་བའི་ལོ་ཡིན་འདུག
མཛད་སྒོའི་ཐོག་ཏུ་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དང་བོད་མི་མང་སྤྱི་འཐུས་པདྨ་མཚོ་ནས་བོད་ནང་གི་བུད་མེད་རྩོམ་པ་པོའི་གནས་བབ་དང་འབྲེལ་ནས་གསུང་དོན་ལ། ཕྱི་ལོ་༢༠༡༦ ལོར་བོད་ནང་གི་བུད་མེད་ཀྱི་རྩོམ་པ་པོ་གྲགས་ཅན་དཔལ་མོ་ཡིས། འདས་པའི་ལོ་ངོ་༦ ནས་བུད་མེད་ཀྱི་བརྩམས་ཆོས་༢༤ ཡོད་སྐོར་གསུངས་པ་དང་། བཙན་བྱོལ་ནང་དུ་ཆ་བཞག་ན་ཕྱི་ལོ་༢༠༡༩ ལོ་ནས་༢༠༢༡ བར་དུ་བོད་ཀྱི་དཔེ་མཛོད་ཁང་ནས་དེབ་༡༣༠ ནས་༡༤༠ བར་པར་སྐྲུན་གནང་བའི་ཁོངས་ནས། བུད་མེད་རྩོམ་པ་པོའི་བརྩམས་ཆོས་༧ ཡས་མས་ཤིག་ཡོད་པ། བཙན་བྱོལ་ནང་དུ་ཁོར་ཡུག་ཆུང་ཆུང་དང་ཀློག་མཁན་ཡོད་མེད་སོགས་ལ་བརྟེན་ནས་གདོང་ལེན་བྱེད་དགོས་པའི་གནད་དོན་ཡོད་ཀྱང་། རྩོམ་པ་པོའི་བརྩམས་ཆོས་རྣམས་སྤྱི་ཚོགས་ཀྱི་དགོས་མཁོ་དང་མིའི་ཉིན་རེའི་འཚོ་བ་ཁ་ཐག་ཉེ་པོ་ཡོད་མེད་ལ་བསམ་གཞིགས་བྱེད་རྒྱུ་གལ་ཆེན་ཆགས་ཡོད་ལ། ད་ལྟའི་ཆར་བརྩམས་ཆོས་ནང་དུ་སྟོང་ཆ་མང་པོ་ཞིག་ལྷག་བསྡད་ཡོད་པས་དཀའ་ལས་རྒྱག་དགོས་པ་ཡིན་སྐོར་གསུངས་སོང་།
སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས། པེན་མཐུན་ཚོགས་ནི་ཚོགས་པ་གལ་ཆེན་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ཡང་བསམ་བློ་རྒྱ་ཆེན་པོ་ཞེ་དྲག་ཡིན་པས། བོད་མི་ཚོས་ཀྱང་ཚོགས་པ་དེའི་བསམ་བློ་ལྟར་ལས་དོན་ག་རེ་བྱས་ཀྱང་བསམ་བློ་རྒྱ་ཆེན་པོ་གཏོང་རྒྱུ་གལ་ཆེན་ཡིན་པ། གལ་ཏེ་གཏམ་བརྗོད་རང་དབང་དང་རྩོམ་འབྲི་རང་དབང་མེད་ཚེ། མི་རྣམས་ནི་དུད་འགྲོ་ལྟར་ཡིན་པ། རྒྱ་ནག་ནང་དུ་ཞི་ཅིན་ཕིང་གིས་མི་གཅིག་དབང་འཛིན་བྱས་ཏེ་སྨྲ་བརྗོད་རང་དབང་སོགས་ལ་བཀག་སྡོམ་བྱེད་བཞིན་པ་དང་། བཙན་གནོན་གྱི་གཞུང་དང་མི་གཅིག་དབང་འཛིན་རྣམས་ཀྱི་ཐོག་ལ། གནས་ཚུལ་གསལ་སྟོན་བྱེད་ཆེད་དུ་གནས་ཚུལ་དྲང་པོ་འབྲི་རྒྱུ་གལ་ཆེན་ཆགས་ཡོད་པ། དེ་བཞིན་བོད་མི་ཚོས་རྩོམ་འབྲི་དང་བོད་ཀྱི་རྩ་དོན་ཆེད་དུ་ཤུགས་རྒྱག་དགོས་པའི་སྐུལ་མ་གནང་སོང་།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདོན་སྤེལ་བྱས་པའི་བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོ་ནང་དུ། བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་། དྷཱི་ལྷ་ལྡན། རོང་བོ་དགེ་འདུན་ལྷུན་གྲུབ། གངས་སྐྱེས་སྒྲུབ་པ་སྐྱབས། པདྨ་མཚོ། སྲས་རྣམ། ཀུན་བཟང་རྒྱ་མཚོ་བཅས་ཀྱི་ལོ་རྒྱུས་བཀོད་འདུག་པ་དང་། ཁོང་རྣམ་པའི་ཚབ་མཚོན་བརྩམས་ཆོས་དང་། ཁོང་རྣམ་པའི་བརྩམས་ཆོས་ཐོག་ལ་ཆེད་གླེང་སོགས་བཀོད་འདུག
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་བསྒྲགས་གཏམ་ནང་དུ་གསུང་དོན་ལ། ཕྱི་ལོ་༢༠༢༡ ལོའི་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་འདིར། ཕྱི་ལོ་༢༠༡༩ ནས་༢༠༢༡ བར་དུ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་འོག་གནས་སྟངས་གང་ཡང་ཤེས་རྟོགས་དཀའ་བའི་བོད་ཀྱི་བཙོན་འོག་རྩོམ་པ་པོ་བདུན་གྱི་སྐོར། འདི་ག་རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དམིགས་བསལ་སྙན་ཐོ་གསར་པ་འདི་ཉིད་འདོན་སྤེལ་དང་འབྲེལ། རྒྱ་ནག་གཞུང་གིས་ཆེད་དུ་བཙན་ཤུགས་དྲག་སྤྱོད་བཀོལ་ཏེ། བོད་ཀྱི་རྩོམ་པ་པོ་ཁག་གང་བྱུང་འཛིན་བཟུང་དང་། བཀག་ཉར། གར་སོང་ཆ་མེད་དུ་གྱུར་པའི་གནས་སྟངས་ཡུན་རིང་ཚབས་ཆེན་དུ་འགྲོ་བཞིན་པའི་དཔེ་མཚོན་རང་བཞིན་གྱི་གནས་ཚུལ་མང་པོ་ཞིག་གསལ་སྟོན་བྱས་ཡོད།
སྙན་ཐོ་འདིའི་ནང་འཁོད་པའི་གནས་ཚུལ་འདི་དག་གི་ཐོག་ནས་ཀྱང་རྒྱ་གཞུང་གི་བྱ་སྤྱོད་མང་པོ་ཞིག་ནི། རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བ་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་བ། མི་ཆོས་ཀུན་སྤྱོད་དང་འགལ་བ་ཁོ་ནར་གྱུར་ཡོད་པ་མ་ཟད། རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་སློང་གི་ཉེས་འཛུགས་སྣ་མང་དང་ངོས་འཛིན་གང་འདོད་བྱེད་བཞིན་པ་ནི། ཁྲིམས་མེད་ལུགས་མེད་དང་། མི་རིགས་དབྱེ་འབྱེད། འཇིགས་སྐུལ་ཐལ་སྤྱོད་ཀྱི་ཚབས་ཆེའི་སྤྱོད་ངན་ཞིག་ཡིན་པ་གསལ་པོར་མཐོང་ཐུབ་པ་ཡིན།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་སྙན་ཐོ་འདི་ཉིད་བརྒྱུད་དེ་བོད་ནང་གི་གནས་བབ་སྤྱི་དང་། བྱེ་བྲག་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་པོ་ཞིག་ལ་དམིགས་བསལ་དམ་དྲག་བྱེད་བཞིན་པའི་གནས་བབས་ལ། ཚད་མེད་པའི་བློ་ཕམ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་གཞུང་སྒེར་གྱི་སྡེ་ཁག་ཚང་མས་སྐྱོན་བརྗོད་དྲག་པོ་བྱ་དགོས་པའི་འབོད་སྐུལ་ཡང་བྱེད་ཀྱི་ཡོད།
འཛམ་གླིང་གི་ཆ་ཤས་གཅིག་ལ་མང་གཙོ་ལྡན་པ་དང་། འགྲོ་བ་མིའི་རིགས་སྐོར་ཞིག་ལ་རང་དབང་ལྡན་པ་ཁོ་ནས་ང་ཚོའི་འཛམ་གླིང་འདི་དཔལ་ཡོན་ལྡན་པའི་དུས་རབས་ཤིག་ཏུ་སླེབས་པ་མཚོན་མི་ཐུབ་པས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཁྱོན་ཡོངས་ནས་ཇེ་སྡུག་ཇེ་ཞན་དང་། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་ཆགས་བཞིན་པའི་གནས་བབས་འོགབཙན་དབང་དང་གཉའ་གནོན་གྱི་དཀའ་སྡུག་ཚབས་ཆེན་མྱོང་བཞིན་པའི་བོད་མི་མང་ལ་རྒྱལ་སྤྱིའི་ཁྱོན་ཡོངས་དང་། ལོ་རྒྱུས་དང་གནས་བབས་ཀྱིས་དམིགས་བསལ་གྱི་འབྲེལ་ཡོད་རྒྱལ་ཁབ་ཁག མང་གཙོའི་དཔལ་ཡོན་དར་རྒྱས་ཆེ་བའི་མི་མང་ཡོངས་ནས་བདེན་ རྒྱབ་ནུས་ཐོན་ཛ་དྲག་གནང་རྒྱུའི་དུས་རིམ་དམིགས་བསལ་ཞིག་ཏུ་སླེབས་ཡོད།
དེ་བས་ན་རྒྱ་གཞུང་གི་བཙན་བཟུང་འོག་བོད་ནང་དུ་འགྲོ་བ་མིའི་ཆེ་མཐོང་དང་། ཐོབ་ཐང་། སྨྲ་བརྗོད་རང་དབང་བཅས་ཀྱི་ཆེད་བཙོན་འོག་ཏུ་ཚུད་པ་ཆ་ཚང་གང་མགྱོགས་གློད་གྲོལ་དང་། བཀག་སྡོམ་དང་དམ་བསྒྲགས་ཁག་མཚམས་འཇོག བོད་དུ་གཞི་རྩའི་འགྲོ་བ་མིའི་རང་དབང་མངོན་འགྱུར་ཡོང་ཐབས་སུ་རྒྱབ་སྐྱོར་ནུས་ལྡན་ཡོང་བའི་རེ་འབོད་ཤུགས་དྲག་བྱེད་ཀྱིན་ཡོད་ཅེས་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།