བལ་ཡུལ་གྱི་ས་ཡོམ་དེས་བོད་དང་རྒྱ་གར་ལ་ཡང་གནོད་སྐྱོན་བྱུང་འདུག

༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བལ་ཡུལ་དུ་ས་ཡོམ་གྱིས་གོད་ཆག་ཚབས་ཆེན་ཕོག་པར་ཐུགས་གསོའི་གསུང་འཕྲིན་དང་། ངལ་སེར་རོགས་སྐྱོར་གནང་ཡོད་པ་རེད།

༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བལ་ཡུལ་དུ་ས་ཡོམ་གྱིས་གོད་ཆག་ཚབས་ཆེན་ཕོག་པར་ཐུགས་གསོའི་གསུང་འཕྲིན་དང་། ངལ་སེར་རོགས་སྐྱོར་གནང་ཡོད་པ་རེད།

ཕྱི་ཟླ་༤ ཚེས་༢༥ ཉིན་གྱི་ས་ཡོམ་འོག བལ་ཡུལ་དུ་མི་རྒྱུ་གཉིས་ལ་གནོན་ཆེན་པོ་ཐེབས་ཏེ། ད་ལྟའི་ཆར་མི་སུམ་སྟོང་ཉིས་བརྒྱ་ལྷག་གྲོངས་པ་དང་། ཧ་ཅང་མང་པོར་རྨས་སྐྱོན་བྱུང་ཡོད་ངོས་འཛིན་བྱས་འདུག བོད་དབུས་ཀྱི་ས་ཁུལ་དཀྱིད་གྲོང་དང་། གཉའ་ལམ་སོགས་སྟོད་ཕྱོགས་ལ་ས་འགུལ་དེའི་གནོན་སྐྱོད་འོག ཁང་པ་གཏོར་སྐྱོན་དང་མི་༡༧ ཡས་མས་རྐྱེན་འདས་སུ་སོང་བ་དང་མང་པོར་རྨས་སྐྱོན་བྱུང་འདུག བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བ་ཁག་ཅིག་ལ་ཡང་གནོད་སྐྱོན་བྱུང་ཡོད་འདུག་ལ། དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ནས་གངས་ཉུལ་བའི་དཀའ་ངལ་ཡང་བྱུང་ཡོད་འདུག རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་ཡང་ས་ཡོམ་གྱི་གནོན་སྐྱོན་བྱུང་སྟེ། བྷེ་ཧལ་མངའ་སྡེའི་ནང་མི་བཅུ་གྲངས་ཤིག་གྲོངས་ཡོད་པའི་གནས་ཚུལ་འདུག

1235༧གོང་ས་མཆོག་གིས་ཡུལ་དེའི་སྲིད་བློན་སྐུ་ཞབས་སུ་ཤིལ་ཀོ་ར་ལ་ (Sushil Koirala) ལ་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། བལ་པོ་དང་བོད་མི་གཉིས་ནི་ལོ་རྒྱུས་ཐོག་ནས་ཁྱིམ་མཚེས་ཀྱི་འབྲེལ་བ་རྒྱུན་རིང་ནས་གནས་ཡོད་པ་མ་ཟད། བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ད་ལྟ་བལ་ཡུལ་ཁུལ་དུ་གནས་སྡོད་བྱེད་བཞིན་ཡོད། དེར་བརྟེན་ཐེངས་འདིར་རང་བྱུང་གི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་ གསོལ་འདེབས་སྨོན་ལམ་བྱེད་རྒྱུ་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད། རྨས་སྐྱོན་ཕོག་པ་རྣམས་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། བལ་ཡུལ་མི་མང་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་ཆེད་ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ལ་ངལ་སེལ་རོགས་དངུལ་ཆེད་ཞལ་འདེབས་འབུལ་དགོས་པ་བཀོད་མངགས་བྱས་ཡོད།

དེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་༢༠༡༥ ལོའི་ཟླ་༤ ཚེས་༢༥ ཉིན་བལ་ཡུལ་དང་རྒྱ་གར་བྱང་ཕྱོགས་ས་ཁུལ། དེ་བཞིན་བོད་བཅས་ཀྱི་ས་གནས་ཁག་གཅིག་ཏུ་ས་ཡོམ་ཤུགས་ཚད་ (7.9) བརྒྱབ་ནས་མི་རྒྱུར་གནོད་སྐྱོན་ཚབས་ཆེན་ཕོག་པར་དངངས་འཚབ་དང་བཅས་བློ་ཕམ་ཧ་ཅང་བྱུང་སྐོར་དང་། ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་བཞུགས་སྒར་དུ་ཕྱི་ཚེས་༢༧ རེས་གཟའ་ཟླ་བའི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་རྒྱུ་མ་ཟད། བཀའ་ཤག་གིས་ངལ་སེལ་ཆེད་བལ་སྒོར་འབུམ་༢༠ གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱིས་ས་ཡོམ་འོག་གནོད་འཚེ་ཕོག་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་སྐོར་དང་། ཕྱོགས་མཚུངས་བཀའ་ཤག་གིས་ཕྱི་རྒྱལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁག་དང་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་བཅས་པར་བལ་ཡུལ་དུ་ས་ཡོམ་གྱི་ངལ་སེལ་ཆེད་ས་ཁུལ་སོ་སོ་ནས་ཞལ་འདེབས་འདུ་རུག་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད།

གཞན་ཡང་བཀའ་ཤག་གིས་བལ་ཡུལ་ཁུལ་དུ་རྟེན་གཞི་བྱས་པའི་བོད་པའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག དེ་བཞིན་བོད་མིའི་སྤྱི་ཚོགས་ནས་འབྲེལ་ཡོད་ས་ཁུལ་ཁག་ཏུ་ས་ཡོམ་གྱི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ངལ་སེལ་གྱི་ལས་གཞིར་ནུས་ལྡན་གྱི་རོགས་ཕན་གནང་དགོས་པའི་བཀོད་ཁྱབ་ཀྱང་གནང་འདུག

སྲིད་སྐྱོང་བློ་བཟང་སེང་གེས། ཐེངས་འདིར་རང་བྱུང་གི་གོད་ཆག་འོག་ཚུད་པ་རྣམས་ལ་སྡུག་བསྔལ་ཇི་བྱུང་ཚིགས་ཐོག་ནས་བརྗོད་ལས་འདས་ཀྱང་། བལ་ཡུལ་དང་རྒྱ་གར་བྱང་ཕྱོགས། དེ་བཞིན་བོད་ནང་གི་བོད་མི་བཅས་ལ་ང་ཚོས་སྙིང་ཐག་པ་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ངས་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་ཞུ་རྒྱུ་དང་། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་། རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་སླད་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད། ས་ཡོམ་གྱི་གོད་ཆག་འོག་མྱོང་བཞིན་པའི་གཞུང་དམངས་གཉིས་ལ་མགྱོགས་མྱུར་དཀའ་སྡུག་ལས་གྲོལ་བས་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།