བལ་ཡུལ་ལ་ཡང་ཤྲི་ལང་ག་བཞིན་དུ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཉེན་འདུག
ཟླ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་ཁང་(WION) གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་ག་ལ་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་ཆེན་མོ་ཞིག་འཕྲད་བཞིན་པ་ལྟར། ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ལ་ཡང་དཀའ་ངལ་དེ་བཞིན་འཕྲད་ཉེན་ཡོད་པའི་གནས་ཚུལ་སྤེལ་འདུག
ཟླ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་ཁང་(WION) གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་ག་ལ་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་ཆེན་མོ་ཞིག་འཕྲད་བཞིན་པ་ལྟར། ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ལ་ཡང་དཀའ་ངལ་དེ་བཞིན་འཕྲད་ཉེན་ཡོད་པའི་གནས་ཚུལ་སྤེལ་འདུག
ད་ལྟའི་ཆར་བལ་ཡུལ་ལ་ཕྱི་དངུལ་བརྗེ་ལེན་གྱི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། བལ་ཡུལ་གཞུང་གིས་ཤོག་སྦག་དང་ཕ་ལམ། སྣུམ་འཁོར། ཆང་རག་དང་ཕྱི་རྒྱལ་གྱི་རྩེད་ཆས་སོགས་དགོས་གལ་ཆེན་པོ་མེད་པའི་དངོས་ཟོག་བཅུ་ཞིག་རྒྱལ་ཁབ་གཞན་ནས་བལ་ཡུལ་དུ་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱས་འདུག འདས་པའི་མི་ལོ་ལྔའི་རིང་བལ་ཡུལ་གཞུང་གིས་ཨ་སྒོར་ས་ཡ་༨ སྤྲད་ནས་ཤོག་སྦག་སྒམ་ས་ཡ་༦༦.༢ ནང་འདྲེན་བྱས་ཡོད་པ་དང་ཐེངས་འདིའི་ཕྱི་དངོས་ནང་འདྲེན་གྱི་མཚམས་འཇོག་དེ་ནི་ལོ་འདིའི་ཕྱི་ཟླ་༧ པའི་ཟླ་དཀྱིལ་བར་དུ་ཡིན་སྐོར་བལ་ཡུལ་གཞུང་གིས་འགྲེལ་བརྗོད་བྱས་འདུག
བལ་ཡུལ་གྱི་དཔལ་འབྱོར་ཐོན་སྐྱེད་(GDP) བརྒྱ་ཆ་བརྒྱད་ནི་ཡུལ་སྐོར་སྤྲོ་འཆམ་པར་བརྟེན་ནས་ཡོང་གི་ཡོད་པ་དང་། འདས་པའི་ལོ་གཉིས་ཀྱི་རིང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་བལ་ཡུལ་དུ་ཡུལ་སྐོར་བ་ཡོང་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༡༩ ལོ་བལ་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་ཡོང་མི་ཡ་༡.༢ ཟིན་ཡོད་ན་ཡང་། ༢༠༢༡ ལོ་ཡུལ་སྐོར་བ་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་ལྷག་ཙམ་ལས་བྱུང་མེད་པའི་སྟབས་ཀྱིས་ཕྱི་དངུལ་བརྗེ་ལེན་བྱེད་རྒྱུ་ཇེ་ཉུང་དུ་ཕྱིན་ཡོད་འདུག
བལ་ཡུལ་གྱི་མི་མང་ས་ཡ་༣.༥ ལྷག་ཕྱིའི་རྒྱལ་ཁབ་ཏུ་ལས་ཀ་བྱས་ནས་ཕྱིར་ཁྱིམ་དུ་དངུལ་སྐུར་གྱི་ཡོད་ནའང་། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་པ་ནས་བཟུང་དངུལ་གཏོང་ལེན་བྱེད་རྒྱུ་དེ་ཡང་ཉུང་དུ་ཕྱིན་ཡོད་པ་མ་ཟད། བལ་ཡུལ་གཞུང་གིས་ཕྱི་དངོས་ནང་འདྲེན་བྱེད་རྒྱུ་མང་དུ་བཏང་ཡོད་པས་ཕྱི་རྒྱལ་གྱི་དངུལ་ལོ་གསོག་འཇོག་བྱེད་རྒྱུ་ཉུང་དུ་ཕྱིན་པའི་གནས་ཚུལ་ཐོན་འདུག
གཞན་ཡང་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་ལ་བརྟེན་ནས་སྣུམ་གྱི་རིན་གོང་མཐོ་རུ་ཕྱིན་ཡོད་པ་དང་། བལ་ཡུལ་གྱིས་ནང་འདྲེན་བྱས་པའི་ཚོང་ཟོག་ཆེ་ཤོས་ནི་སྣུམ་ཡིན་པ་རེད་འདུག འདས་པའི་ཟླ་བ་དགུའི་ནང་དུ་བལ་ཡུལ་གྱི་ཨ་སྒོར་ཐེར་འབུམ་༡.༥ བཏང་ནས་སྣུམ་ཉོས་ཡོོད་པའི་གནས་ཚུལ་འདུག
མདོར་ན་ནད་ཡམས་ཀྱི་རྐྱེན་གྱིས་ཡུལ་སྐོར་བ་ཡོང་མ་ཐུབ་དང་དམག་འཁྲུག་གི་དབང་གིས་སྣུམ་གྱི་རིན་གོང་འཕར་བ། བལ་གཞུང་གིས་དངོས་ཟོག་ནང་འདྲེན་བྱེད་རྒྱུ་མང་དུ་བཏང་བ་དང་རྒྱ་ནག་ལ་བུ་ལོན་དགོས་པ་བཅས་ཀྱིས་ད་ལྟ་ནས་བལ་ཡུལ་གཞུང་གིས་གནས་སྟངས་ལ་སྟངས་འཛིན་ལེགས་པོ་ཞིག་བྱེད་མ་ཐུབ་ཚེ། བལ་ཡུལ་གཞུང་ལ་དཀའ་ངལ་ཆེན་མོ་ཞིག་འཕྲད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།