བསོད་རྒྱལ་རིན་པོ་ཆེ་ཐའེ་ལན་ཌིར་སྐུ་གཤེགས་འདུག

དེ་རིང་ཉིན་གུང་ཙམ་ལ་རྒྱལ་སྤྱིའི་རིག་པ་ཆོས་ཚོགས་ཀྱི་དབུ་འཛིན་དང་། འཆི་གསོན་ཉམས་ལེན་བྱེད་ཚུལ་གྱི་ཁྲིད་ཡིག་<> ཅེས་འཛམ་གླིང་དུ་སྐད་གྲགས་ཅན་གྱི་དཔེ་དེབ་ཀྱི་རྩོམ་པ་པོ་བསོད་རྒྱལ་རིན་པོ་ཆེ། ཐའེ་ལན་ཌི་ནས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དེ་རིང་ཉིན་གུང་ཙམ་ལ་རྒྱལ་སྤྱིའི་རིག་པ་ཆོས་ཚོགས་ཀྱི་དབུ་འཛིན་དང་། འཆི་གསོན་ཉམས་ལེན་བྱེད་ཚུལ་གྱི་ཁྲིད་ཡིག་<<The Tibetan Book of Living and Dying>> ཅེས་འཛམ་གླིང་དུ་སྐད་གྲགས་ཅན་གྱི་དཔེ་དེབ་ཀྱི་རྩོམ་པ་པོ་བསོད་རྒྱལ་རིན་པོ་ཆེ། ཐའེ་ལན་ཌི་ནས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

བསོད་རྒྱལ་རིན་པོ་ཆེ་ནི། སངས་རྒྱས་ཀྱི་བསྟན་པ་ལ་དད་ཞེན་ཆེ་བ་ཁམས་ཏྲེ་ཧོར་གྱི་ཡུལ་དུ་འབྱོར་ཕྱུག་ལྡན་ཞིང་། སྐད་གྲགས་ཅན་ཁྱིམ་ཚང་ལྭ་དཀར་ཚང་དུ་ཕྱི་ལོ་༡༩༤༧ ལོར་སྐུ་འཁྲུངས་ཤིང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཉག་བླ་བསོད་རྒྱལ་ལམ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དབུ་བླའི་གྲས་སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། ཁོང་གིས་དབང་ལུང་མན་ངག་ཐམས་ཅད་གནང་ནས་གསོ་སྐྱོང་མཛད། བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས། ༧གོང་ས་མཆོག་གིས་དབུས་རིས་མེད་ཀྱི་བླ་ཆེན་དུ་མ་ཞིག་དང་། བྱེ་བྲག་ཏུ་སྔ་འགྱུར་རྙིང་མ་པའི་བླ་ཆེན་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། སྨྱོ་ཤུལ་མཁན་རིན་པོ་ཆེ་སོགས་བླ་ཆེན་མང་པོའི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་དུ་མ་ཞུས།

དུས་སྐབས་དང་སངས་རྒྱས་ཀྱི་བསྟན་པའི་དགོས་མཁོར་དམིགས་ནས་དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་མཛད་དེ་མཁས་པའི་ཡང་རྩེར་སོན་ཞིང་། དབྱིན་ཇིའི་ཐོག་ནས་ཆོས་གསུངས་པ་སོགས་ཀྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས། ལྷག་པར་དུ་ཁོང་གིས་<<The Tibetan Book of Living and Dying>> འཆི་གསོན་ཉམས་ལེན་བྱེད་ཚུལ་གྱི་ཁྲིད་ཡིག་ཅེས་པའི་དེབ་ཅིག་དབྱིན་ཡིག་གི་ཐོག་ནས་བརྩམས་ཤིང་། དེབ་དེ་ཡིག་རིགས་མི་འདྲ་བ་གྲངས་༣༥  ནང་བསྒྱུར་འདུག་པ་དང།  རྒྱལ་ཁབ་མི་འདྲ་བ་༨༠  ཙམ་གྱི་ནང་དུ་པར་སྐྲུན་བྱས་འདུག  དཔེ་དེབ་དེ་ལ་མཚོན་ན་ཕྱི་རྒྱལ་ཁག་ནས་དེབ་གྲངས་ས་ཡ་གསུམ་དང།  རྒྱ་ནག་ཏུ་དེབ་གྲངས་ས་ཡ་བཞི་འགྲེམས་ཚོང་བྱས་ཡོད་པའི་ལོ་རྒྱུས་འདུག  

ཁོང་གིས་རྒྱལ་སྤྱིའི་རིག་པ་ཆོས་ཚོགས་དེ་ཕྱི་ལོ་༡༩༧༥ ལོ་ཙམ་ལ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ཏུ་གསར་འཛུགས་གནང་ནས། ད་ལྟའི་ཆར་ལྟེ་གནས་གཙོ་བོ་ལས་རབ་གླིང་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིར་ཡོད་ཅིང་། སྤྱིར་འཛམ་གླིང་གི་རྒྱལ་ཁབ་༣༠ ཙམ་གྱི་ནང་དུ་ཆོས་ཚོགས་གྲངས་༡༣༠ ཙམ་ཡོད་པ་རེད། ཁོང་ལ་མཚོན་ན་ཆོས་འབྲེལ་ཐོབ་ཙམ་མ་ཡིན་པར་སྔོན་འགྲོ་འབུམ་ལྔ་བསགས་ཟིན་པའི་སློབ་མ་གྲངས་ཕལ་ཆེར་བདུན་སྟོང་ཙམ་ཡོད་པ་དང་། ལོ་གསུམ་ཕྱོགས་གསུམ་དུ་བཞུགས་ཟིན་པའི་སློབ་ཚོགས་ཀྱང་ཧ་ཅང་མང་པོ་ཡོད་པ་རེད།
དེ་བཞིན་སྔོན་ཆད་སློབ་མའི་གྲས་ཁ་ཤས་དང་། ཕྱི་ནང་གི་རྒྱུ་རྐྱེན་གཞན་ཁག་ཅིག་ལ་བརྟེན་ནས་མཚན་སྨོད་ཞུ་མཁན་ཡང་བྱུང་ཡོད་ནའང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ནང་ནས་ཁོང་གིས་གསར་འཛུགས་བདག་སྐྱོང་གནང་བའི་རིག་པ་ཆོས་ཚོགས་ནི། རྒྱལ་སྤྱིའི་ཐོག་ཏུ་ཤུགས་རྐྱེན་ཆེ་ཤོས་ཀྱི་ཆོས་ཚོགས་ཤིག་ཏུ་གྱུར་ཡོད་པ་རེད། ༢༠༡༩ ལོའི་ཕྱི་ཟླ་༨ ཚེས་༢༨ རེས་གཟའ་ལྷག་པའི་ཉིན་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཐའེ་ལན་ཌིའི་སྨན་ཁང་ཆེན་པོ་ཞིག་ནས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་འགྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།