བསྟན་འཛིན་བརྩོན་འགྲུས་སུ་རེད།
ཞོགས་པ་ང་མལ་ལས་ལངས་ཏེ། དྷ་ས་ནས་བསྟན་འཛིན་འཇིགས་བྲལ་དང་དཔལ་སྐྱིད། བསྟན་འཛིན་ཀུན་སྐྱིད། རང་བཙན་དོན་གྲུབ་བཅས་ང་ཚོ་སྒེར་འཁོར་ཞིག་གི་ནང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱི་གོམ་བགྲོད་ལ་ལྟ་རུ་ཕྱིན། ཐོ་རངས་ཁའི་དྷ་སའི་གནམ་གཤིས་དྭངས་ལ་ལྷིང་འཇགས་རེད།
༢༠༢༡།༢།༡༨
ཞོགས་པ་ང་མལ་ལས་ལངས་ཏེ། དྷ་ས་ནས་བསྟན་འཛིན་འཇིགས་བྲལ་དང་དཔལ་སྐྱིད། བསྟན་འཛིན་ཀུན་སྐྱིད། རང་བཙན་དོན་གྲུབ་བཅས་ང་ཚོ་སྒེར་འཁོར་ཞིག་གི་ནང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱི་གོམ་བགྲོད་ལ་ལྟ་རུ་ཕྱིན། ཐོ་རངས་ཁའི་དྷ་སའི་གནམ་གཤིས་དྭངས་ལ་ལྷིང་འཇགས་རེད། རིམ་བཞིན་བསྐྱོད་སྐབས་ཞོགས་པའི་ཉི་འོད་རྡོ་ལ་རི་བོའི་རྩེ་ནས་ཤར་ཡོང་སྐབས་གངས་རི་དང་ནགས་ཚལ་ཁྲོད་དུ་ཉི་འོད་འཕྲོས་ནས་ཧ་ཅང་ཡིད་དུ་འོང་བ་ཞིག་རེད་ལ། རྒྱུན་དུ་དྷ་སར་གནས་སྡོད་བྱེད་མཁན་ཞིག་ལ་མཚོན་ན་དེ་ཡ་མཚན་ཞིག་མིན་མོད། ལེ་ལོ་ཆེ་བའི་ང་ལ་མཚོན་ན་ཞོགས་ཉལ་བྱེད་རྒྱུར་དགའ་བའི་དྷ་སའི་ཐོ་རངས་ཁའི་ཡུལ་ལྗོངས་མཐོང་དཀོན་ཙམ་ཡོད།
རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཀྱིས་དྷ་ས་ནས་རང་བཙན་གོམ་བགྲོད་བྱས་ཏེ་ཉིན་༧ པ་རེད་ལ། ཁོང་དང་ཁོང་གི་ལས་རོགས་དག་མགྲོན་པོ་སྟབས་བདེའི་གནས་སྡོད་བྱེད་སའི་ཚོགས་ཁང་ཞིག་གི་ནང་བསྡད་འདུག(འོད་ཟེར་དང་རྣམ་གྲོལ་གཉིས་ཀྱིས་རླངས་འཁོར་ནང་ཅ་ལག་འཁྱེར་ནས་སྔོན་དུ་འགྲོ་བ་དང་། ཉིན་རེའི་ས་ཚིགས་རེ་རེའི་འདུག་ས་གྲ་སྒྲིག་བྱེད་བཞིན་ཡོད། བརྩོན་འགྲུས་དང་མཉམ་དུ་ཉིན་མང་ཆེ་བར་འཇམ་དབྱངས་བསྐྱོད་ནས་ཡིག་ཆ་བཀྲམ་རོགས་བྱེད་བཞིན་ཡོད་པ་རེད།) ང་ཚོ་དེར་བསླེབས་དུས་སྔ་དྲོའི་ཆུ་ཚོད་༡༠ ཙམ་རེད་འདུག་ལ། ཉིན་དེའི་གོམ་བགྲོད་འགོ་འཛུགས་གྲབས་འདུག བསྟན་འཛིན་བརྩོན་འགྲུས་ཀྱིས། “ང་ཚོ་ཞོགས་པ་སྔ་པོ་འགྲོ་ཡི་མེད། ལམ་བར་དུ་མི་ཉུང་བས་མི་མང་ནང་དེ་ཙམ་གནས་ཚུལ་ཤེས་རྟོགས་ཡོང་ཐུབ་ཀྱི་མི་འདུག ཉིན་གུང་ཡིག་ཆ་བཀྲམ་ཞོར་དུ་སོང་ན། མི་ཧ་ཅང་མང་བས་ཡག་པོ་འདུག དེ་རིང་ཁྱེད་ཚོས་ཡིག་ཆ་བཀྲམ་རོགས། ང་གཅིག་པུ་ཡིན་དུས་ལམ་ཁར་ཡིག་ཆ་ཅུང་རེ་བཀྲམ་ནས་ཤར་མར་འགྲོ་བ་ལས་གཡས་གཡོན་ཚང་མར་རྙོབ་ཀྱི་མི་འདུག་”ཟེར་ནས། ང་ཚོ་ཚང་མར་ཡིག་ཆ་སྤྲད་པ་དང་། ལམ་ཆེན་གྱི་གཡས་གཡོན་གཉིས་ཀ་ཆ་བགོས་བྱས་ནས་གོམ་བགྲོད་འགོ་འཛུགས་བྱས།
ཉིན་དེར་ཧི་མ་ཅལ་མངའ་སྡེ་དང་པན་ཇབ་མངའ་སྡེའི་ས་མཚམས་ཨུ་ན་རུ་བསླེབ་གྲབས་རེད་ལ། ཁོང་གིས་རྒྱུན་ལྡན་གྱི་ལྷམ་རྙིང་དེ་བསྐྱར་བཙེམ་བྱས་ནས་གོན་འདུག་ལ། བསྐྱར་བཙེམ་ཡང་བཙེམ་བྱས་པའི་རང་དབང་ལས་འགུལ་འདྲ་མིན་གྱི་ལས་རྟགས་ཁག་སྦྱར་ཡོད་པའི་རྒྱབ་ཁུག་དེའི་ནང་ཡིག་ཆ་བཅུག་ནས་ཁུར། ལག་གཡས་གཡོན་ནང་བོད་ཀྱི་རྒྱལ་དར་དང་རྒྱ་གར་གྱི་རྒྱལ་དར་རེ་གནམ་ལ་འཕྱར། རྣམ་མཐར་ཞིག་གདངས་སུ་གྱེར་ནས་ཀི་ཀི་བསྭོ་བསྭོའི་ཁ་གཡང་རྗོད་བཞིན་ལམ་ལ་ཆས། ང་ཁོང་དང་མཉམ་དུ་གླེང་མོལ་བྱེད་བཞིན་དུ་བསྐྱོད་པ་ཡིན་ལ། ཁོང་གིས། “ད་ལྟ་ང་ལ་དངུལ་གྱི་རོགས་པ་བྱས་ཡོང་ཟེར་མཁན་མང་པོ་འདུག ངས་ལས་འགུལ་འགོ་མ་བཙུགས་གོང་ནས་ལམ་གྲོན་བསྡུ་རུབ་བྱས་ཟིན་པ་ཡིན་ལ། འདང་ངེས་རག་སོང་། ད་ལྟ་ཞལ་འདེབས་བསྡུ་རྒྱུ་མཚམས་བཞག་པ་ཡིན་མ་གཏོགས། མཚམས་རེར་ལས་འགུལ་ཁག་ཞལ་འདེབས་བསྡུ་ས་ལྟ་བུ་ཆགས་ཉེན་འདུག དེ་ལ་བརྟེན་ནས། ད་ལྟ་དངུལ་དགོས་ཀྱི་མེད། ང་ལ་རོགས་སྐྱོར་དགོས་པ་དེ་བོད་མི་རེས་མི་གཞན་པ་བཅུ་ལ་ངའི་ལས་འགུལ་གྱི་དམིགས་ཡུལ་དེ་ངོ་སྤྲོད་ཁྱབ་བསྒྲགས་བྱེད་རོགས་དགོས་ཀྱི་འདུག་”ཟེར།
ཉིན་དང་པོའི་གོམ་བགྲོད་འགོ་འཛུགས་སྐབས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “གོམ་བགྲོད་དེའི་རིང་ངས་གཙོ་བོ་རྒྱ་གར་གཞུང་ལ་དགོས་འདུན་ནན་ཏན་གྱིས་ཞུ་རྒྱུ་ནི། རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་བ་དེར་འགྱུར་བ་གཏོང་དགོས། རྒྱ་གར་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་ནའང་། རྒྱ་ནག་གིས་དེ་ལྟར་ཡ་ལན་བྱེད་ཀྱི་མེད། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ཁོང་ཚོའི་ཡིན་ཟེར་གྱི་ཡོད་པ་མ་ཟད། ཧི་མ་ཅལ་དང་། ལ་དྭགས། ཨོ་དིར་ཁན། སི་ཀེམ་དེ་ཚོའི་ས་ཆའི་ཆ་ཤས་ཀྱང་ཁོང་ཚོས་ཡིན་ཟེར་གྱི་ཡོད་པ་རེད་”ཅེས་དང་། “རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་ན། རྒྱ་ནག་གིས་བཙན་འཛུལ་བྱས་པའི་བོད་དང་ལྷོ་སོག་པོ། ཤར་ཏུར་ཀི་སི་ཐན་དེ་ཚོ་ཡང་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་འགྱུར་བ་གཏོང་དགོས་བཅས་ཞུ་རྒྱུ་ཡིན། ཧོང་ཀོང་ནང་དུ་མང་གཙོའི་འཐབ་རྩོད་ཤུགས་ཆེན་སྤེལ་བཞིན་ཡོད་པ་དེ་ལ་རྒྱབ་སྐྱོར་དང་། ཐའེ་ཝན་རང་བཙན་ལྡན་པའི་རྒྱལ་ཁབ་ཀྱི་གནས་བབས་ལ་ངོས་འཛིན་དགོས་པ་ངས་རྒྱལ་སྤྱིའི་ནང་ཞུ་གཏུག་བྱེད་རྒྱུ་ཡིན། མི་རེ་ངོ་རེས་ལས་འགུལ་འདིར་རྒྱབ་སྐྱོར་བྱེད་ཐུབ་”ཅེས་སྤེལ་འདུག
ལམ་ཟུར་གཡས་གཡོན་དུ་རྒྱ་ཆེ་བའི་སྔོ་ལྗངས་ཀྱི་ཞིང་ཁ་དག་བརྒྱུད་སྐབས་ལྷིང་འཇགས་ཆེ་བའི་གླེང་མོལ་བྱེད་བཞིན་བསྐྱོད་ཆོག་ལ། གཞུང་ལམ་ཆེ་ལ་ལམ་ཟུར་ཆུང་སའི་ནང་བསྐྱོད་སྐབས། དོ་སྐྱེལ་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར། དེ་མིན་གྱི་འགྲིམ་འགྲུལ་བ་གཅིག་ལས་གཅིག་མགྱོགས་ཀྱིས་འཚང་ཁའི་ངང་བསྐྱོད་བཞིན་པའི་འཁྲིས་སུ་ཐལ་རྡུལ་འཚུབ་ནས་གོམ་འགྲོས་ཀྱང་འཁྲུག་འགྲོ་ལ། དོ་སྐྱེལ་རླངས་འཁོར་ཆེན་པོ་ཚོས་གནོན་ཡོང་གྲབས་ཀྱི་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད་འདུག ས་གནས་དེར་ཚ་བ་ཡང་ཅུང་བསླེབས་པས་ངལ་དུབ་ཆེ་ན་ཡང་། ལས་འགུལ་སྤེལ་རྒྱུར་མཉམ་མྱོང་ལྡན་ལ་གོམ་རྩལ་ལ་བྱང་ཆ་དོད་པའི་བསྟན་འཛིན་བརྩོན་འགྲུས་སྔར་རྒྱུན་བཞིན་དགོད་བྲོ་སློང་ཞོར་བསྐྱོད་ཐུབ་ཀྱི་འདུག
ཁོང་གིས་“ལས་ཀ་འདི་ཧ་ཅང་ཁག་པོ་རེད། གོམ་བགྲོད་ཁག་པོ་རེད་ཟེར་གྱི་མེད། ཟླ་གཅིག་རིང་ལ་བསྐྱོད་རྒྱུ་དེ་བས་ཁག་པོ་ཅི་མ་རེད།(༢༠༢༡།༢།༡༢ དྷ་ས་ནས་༢༠༢༡།༣།༡༠ ལྡི་བར། ལེ་དབར་༥༠༠) ལས་སླ་མོ་རེད། ཡིན་ཡང་རྒྱལ་ཁབ་ཅིག་གི་སྲིད་ཇུས་འགྱུར་བ་གཏོང་དགོས་པ་དེ་ཧ་ཅང་ཁག་པོ་རེད། ཁག་པོ་ཡིན་ནའང་དེ་བསམ་བློའི་ནང་འཁོར་ཐུབ་པ་དེ་འགྲིག་བསྡད་ཡོད་རེད། ད་ལྟ་ངས་གོ་སྐབས་ཤིག་མཐོང་གི་འདུག་”ཅེས་དང་། “བོད་དང་རྒྱ་གར་གྱི་མངའ་སྡེ་ས་འབྲེལ་ཡོད་པ་ཨ་རུ་ན་ཅལ་དང་། ཧི་མ་ཅལ། ལ་དྭགས། ཨོ་དིར་ཁན། སི་ཀེམ་བཅས་རེད། ཨ་རུ་ན་ཅལ་གྱི་མངའ་སྡེ་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་ལས་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་ཤིག་ཡོད་པ་མ་རེད་ཅེས་ཡོངས་གྲགས་གནང་ཟིན་རེད། མངའ་སྡེ་གཞན་པ་ཁག་གིས་ཀྱང་དེ་ལྟར་ཡོང་ཐུབ་པར་འབད་བརྩོན་དགོས་ཀྱི་འདུག མི་མང་ནང་འགོ་བཙུགས་སྟེ་རིམ་པས་དབུས་ལ་སླེབ་དགོས་ཀྱི་འདུག་”ཅེས་གསུངས་སོང་།
ལམ་ཁར་མི་ཞིག་ཆུ་འགྱིག་དམ་ཁ་ཤས་བཟུང་ནས་ལངས་འདུག ང་ཚོ་ཁོང་གི་འཁྲིས་སུ་བསླེབས་པ་དང་ཁོང་གིས་བཀྲ་ཤིས་བདེ་ལེགས་ཞེས་བོད་སྐད་བཤད་སོང་། “ང་འདི་ནས་མར་བསྐྱོད་བཞིན་པའི་སྐབས་སུ་ཁྱེད་ཚོ་མཐོང་སོང་། ངས་ལམ་ཟུར་ནས་རླངས་འཁོར་བཀག་སྟེ། ཁྱེད་ཚོར་འཐུང་ཆུ་མངར་མོ་ཁ་ཤས་ཉོས་ཡོད་”ཟེར། ཁོང་ནི་རྒྱ་གར་གྱི་དམག་སྡེ་ཨང་༢༢ པའི་བོད་དམག་ཞིག་རེད། ཟུར་གྱི་ཇ་ཁང་ཞིག་གི་སྒོ་རུ་གླེང་མོལ་བྱེད་བཞིན་ཅུང་ཙམ་བསྡད་པ་ན། ཁོང་ང་ཚོའི་འཁྲིས་སུ་འདུག་རྒྱུར་དོགས་མ་བདེ་བ་འདྲ་བྱེད་ཀྱི་འདུག དེ་ནི་གང་ཡང་མ་རེད། རྒྱ་ནག་ཝུ་ཧན་གྱི་ཏོགས་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བའི་སྐབས་འདིར་མི་སུ་ཡིན་ཡང་ཉེ་སར་བཅར་རྒྱུར་འཚེར་སྣང་བྱེད་ཀྱི་རེད།
ས་གནས་ཀྱི་གསར་འགོད་པ་དང་མི་མང་གིས་ཧ་ཅང་དོ་སྣང་བྱེད་ཀྱི་འདུག་ལ་རྒྱ་གར་ས་གནས་ཀྱི་ཚགས་པར་ཁག་གི་ཐོག་བསྟན་འཛིན་བརྩོན་འགྲུས་ཀྱི་པར་དང་གནས་ཚུལ་ཧ་ཅང་རིང་པོ་དེ་འདྲ་བྲིས་འདུག ཉིན་དེར་ཡང་ལམ་བར་དུ་གསར་འགོད་པ་མང་པོས་ལམ་ཟུར་ནས་བཅར་འདྲི་བྱས་པ་དང་། རེ་ཟུང་གིས་ཐད་གཏོང་ཡང་བྱེད་ཀྱི་འདུག ཡིག་ཆ་བཀྲམ་མཁན་ཚོ་སྔོན་ལ་བསྐྱོད་བཞིན་པའི་སྐབས་ཤིག་རྒྱ་གར་ཕོ་སར་གཉིས་འཁྲིས་སུ་བསླེབས་ནས་བསྟན་འཛིན་བརྩོན་འགྲུས་སུ་རེད། ཁོང་གཉིས་གསར་འགོད་པ་ཡིན་ཟེར། བརྩོན་འགྲུས་རྒྱབ་ཕྱོགས་ན་ཡོང་གི་ཡོད་ཅེས་བརྗོད་པ་དང་ཁོང་གཉིས་ཀྱིས་དེར་བསྒུག་ནས་བརྩོན་འགྲུས་བསླེབས་པ་དང་བཅར་འདྲི་བྱས་སོང་།
ཡིག་ཆ་ཁག་ལམ་གཡས་གཡོན་གྱི་ཚོང་ཁང་དང་ཇ་ཁང་། རླངས་འཁོར་རིགས་བཟོ་མི། ཚོང་ཙག་ཙིག་རྒྱག་མཁན། སྤྱིར་བཏང་གི་འགྲུལ་བ་ཚང་མར་གང་ཐུབ་རྙོབ་ཐབས་བྱས་ནས་བཀྲམ་པ་དང་འགྲེལ་བཤད་བསྡུས་པ་རེ་ཡང་རྒྱག་ཞོར་ཕྱིན། ཡིག་ཆ་མི་ལེན་མཁན་རེ་ཟུང་ཡོད་པ་ལས་མང་ཆེ་བས་དོ་སྣང་ཆེན་པོས་ལེན་གྱི་འདུག རྒྱ་ནག་ལ་དགའ་ཡི་མེད་ཟེར་མཁན་མང་པོ་འདུག ཡུལ་མི་ཚོས་ནང་ལ་ཤོག ཇ་བཏུང་ཟེར་མཁན་དང་། ལམ་ཟུར་གཡས་གཡོན་གྱི་ཤིང་ཏོག་བཙོང་མཁན་ཚོས་ཤིང་ཏོག་ཟོ་ཟེར་ནས་ང་ཚོར་སྤྲོད་ཀྱི་འདུག ང་ཚོའི་རོགས་པ་ཡིག་ཆ་བཀྲམ་མཁན་ཞིག་ལ་མི་གཅིག་གིས་ལས་འགུལ་དེ་ཡག་པོ་མིན་མདོགས་ཀྱི་རྣམ་འགྱུར་བསྟན་ནས། “གནས་ཚུལ་དེ་ཚོ་རྫུན་མ་རེད། ཆབ་སྲིད་འཁྲབ་ཀྱི་ཡོད་རེད་”ཅེས་བརྗོད་འདུག གྷལ་ཝན་ལུང་གཤོང་དུ་རྒྱ་ནག་གི་དམག་མིས་རྒྱ་གར་དམག་མི་བསད་པ་རྫུན་མ་རེད་དམ་ཞེས་ཕར་བརྗོད་སྐབས། དེ་བདེན་པ་ཡིན་སྐོར་བཤད་ནས་ངོས་ལེན་ལྟ་བུ་བྱས་འདུག དེ་མིན་མི་མང་པོས་དོ་སྣང་དང་བསྟོད་བསྔགས་བྱེད་ཀྱི་འདུག ལོ་ན་ཅུང་རྒན་པའི་སྐྱེས་པ་ཞིག་ལ་ཐུག་པ་དང་། ཁོང་གིས་དོ་སྣང་ཆེན་པོས་“ཁྱེད་ཚོས་ལས་ཀ་ཡག་པོ་བྱེད་ཀྱི་འདུག ཁྱེད་ཚོས་སྨོན་ལམ་རྒྱག་ཤོག་ད། ང་དང་ངའི་བུ་གཉིས་ཀ་དམག་མི་ཡིན། ང་ཚོས་དམག་རྒྱག་ཡོང་”ཟེར།(ད་ལྟ་ངས་ཡི་གེ་འདི་འབྲི་བཞིན་པའི་སྐབས་སུ་ཁྱེད་ཚོས་སྨོན་ལམ་རྒྱག་པ་ལས་ཅི་ཡང་འཇོན་གྱི་མ་རེད་ཟེར་ནས་ང་ཚོར་ཟུར་ཟ་ཨེ་ཡིན་ཡང་དྲན་ནས་ཁེར་དགོད་ཤོར།)ལམ་བར་ནས་མི་ཞིག་གིས་ཆེད་དུ་རླངས་འཁོར་བཀག་ནས་ཁྱེད་ཚོའི་གནས་ཚུལ་དེའི་སྐོར་ཤེས་འདོད་ཡོད། རྒྱ་ནག་གིས་ག་རེ་བྱས་ནས་བོད་བཟུང་བ་རེད་ཟེར། ང་ཚོའི་རོགས་པ་ཞིག་གིས་བོད་དེ་ས་ཆ་རྒྱ་ཆེ་བ་དང་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པས་བོད་ཧམ་བཟུང་བྱས་པ་རེད་ཅེས་འགྲེལ་བཤད་མདོར་བསྡུས་ཤིག་བརྒྱབ་སོང་། སྐྱབས་བཅོལ་བོད་མི་ཚོར་རྒྱུས་མངའ་ཡོད་པ་ལྟར་དྷ་ནས་མར་ཅུང་ཙམ་སོང་ན། རྒྱ་གར་ཡུལ་མི་ལས་བོད་པ་གནས་སྡོད་བྱེད་མཁན་མེད་ལ། ཁོང་ཚོས་གོམ་བགྲོད་དེར་ཉིན་རེར་བཞིན་བོད་དོན་ལས་འགུལ་བ་ཚོ་ལྟ་རུ་འགྲོ་བ་དང་ཉིན་རེར་མཉམ་འགྲོ་བྱེད་མཁན་འདུག ཕྱི་དྲོའི་ཆུ་ཚོད་༥ ཙམ་ལ་ང་ཚོས་ལས་འགུལ་བ་རྣམས་ཕེབས་སྐྱེལ་གྱི་ལག་བརྡ་བཏང་བ་དང་ཕྱིར་རང་ཁྱིམ་དུ་ལོག་ནས་ངལ་གསོ་བྱས། ཁོང་ཚོ་ཉིན་ནས་ཉིན་མཐུད་གོམ་བགྲོད་ལས་འགུལ་སྤེལ་ནས་འགྲོ་མཁན་ཡིན་ལ། བོད་རྒྱ་ནག་གི་བཙན་འོག་ནས་མ་ཐར་བར་དུ་བོད་མིའི་ལས་འགུལ་དེ་རྒྱུན་སྐྱོང་དགོས་ཀྱི་ཡོད་པ་རེད།
བསྟན་འཛིན་བརྩོན་འགྲུས་སུ་རེད། བསྟན་འཛིན་བརྩོན་འགྲུས་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས། ༧གོང་ས་མཆོག་གིས་དབུས་བོད་མི་མང་པོ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་ཏེ། བོད་མི་རྣམས་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བའི་སྐབས་༡༩༧༠ ནང་དུ་ཕ་མ་གཉིས་ལམ་བཟོར་འགྲོ་བའི་སྐབས་སུ་ལམ་ཟུར་དུ་སྐྱེས་པའི་ཕྲུ་གུ་ཞིག་རེད། ཕ་མ་གཉིས་ཀྱིས་ཁོང་བོད་ཁྱིམ་སློབ་གྲྭར་བསྐྱལ་བ་དང་། རིམ་བཞིན་རྒྱ་གར་གྱི་མཐོ་རིམ་གཙུག་ལག་སློབ་གྲྭའི་ནང་རྩོམ་རིག་ཐོག་སློབ་མཐར་སོན་པའི་རྩོམ་པ་པོ་ཞིག་རེད། ཁོང་གིས་ལ་དྭགས་སུ་དགེ་རྒན་བྱེད་བཞིན་པའི་སྐབས་གསང་བའི་ངང་ས་མཚམས་བརྒལ་ནས་བོད་ནང་འཛུལ། རྒྱ་ནག་དམག་མིས་འཛིན་བཟུང་བྱས་པ་དང་བཙོན་འཇུག་བྱས་རྗེས་ཕྱིར་རྒྱ་གར་དུ་བསློགས། དེ་ནས་ཁོང་ལ་དམིགས་བསལ་ལས་གནས་མི་དགོས་པར་ལོ་མང་རིང་བོད་རང་བཙན་གྱི་ལས་འགུལ་བ་ཞིག་ཏུ་གྱུར་ནས། ཡོངས་གྲགས་སུ་ཁོང་ལ་བོད་རང་བཙན་ལས་འགུལ་བ་ཐོད་དཀྲིས་དམར་པོ་ཅན་ཞེས་མིང་ཐོག ངས་ཐོག་མར་ཁོང་ངོ་ཤེས་སྐབས་༢༠༠༦ ལོར་དྷ་ས་ནས་ཐུག་པ་དང་དུས་རྒྱུན་ཁོང་གིས་བོད་དོན་དང་འབྲེལ་བའི་བགྲོ་གླེང་ཆེ་ཆུང་མང་པོ་ཞིག་གོ་སྒྲིག་བྱེད་ཀྱི་འདུག མཚམས་རེར་མི་མང་ནང་ཁུལ་ལ་བསམ་ཚུལ་བརྗེ་ལེན་བྱེད་པ་ལས་དམིགས་བསལ་གཏམ་བཤད་གནང་མཁན་མེད་པའི་འདུ་འཛོམས་མང་པོ་གོ་སྒྲིག་བྱེད་ཀྱི་འདུག ང་སྐབས་དེ་ནས་ཁོང་ལ་གྲོགས་འདྲིས་བྱུང་བ་དང་། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱིས་མཚོན་བོད་དོན་ལས་འགུལ་ཁག་ཅིག་ཀྱང་མཉམ་དུ་གོ་སྒྲིག་བྱེད་མྱོང་། ཁོང་ཧ་ཅང་འདོད་ཆུང་ཆོག་ཤེས་ཅན་དང་ཉིན་རེའི་འཚོ་བའི་འགྲོ་སོང་ཧ་ཅང་སྟབས་བདེ་བྱེད་མཁན་ཞིག་རེད་ལ། དཀར་ཟས་སྤྱོད་མཁན་གྱི་བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་ཞིག་རེད།།
ཆོས་ཉིད་འོད་ཟེར་གྱིས།
https://www.facebook.com/bodkyi.bangchen/videos/3599456036834583/