བུད་མེད་བཀའ་བློན་གསུམ་གྱིས་ལས་འཁུར་དམ་འབུལ་ཞུས་སོང་། 

ཟླ་འདིའི་ཚེས་༡༠ ཉིན་གྲོས་ཚོགས་ནང་འོས་འདེམས་བྱུང་བའི་སྐབས་༡༦ པའི་བཀའ་བློན་ཐར་ལམ་སྒྲོལ་མ་དང་། ནོར་འཛིན་སྒྲོལ་མ་དང་། རྒྱ་རི་སྒྲོལ་མ་གསུམ་གྱིས་ལས་འཁུར་དམ་འབུལ་ཞུས་ནས་དངོས་སུ་བཀའ་བློན་གྱི་ལས་འགན་དབུ་འཛུགས་གནང་སོང་། 

ཟླ་འདིའི་ཚེས་༡༠ ཉིན་གྲོས་ཚོགས་ནང་འོས་འདེམས་བྱུང་བའི་སྐབས་༡༦ པའི་བཀའ་བློན་ཐར་ལམ་སྒྲོལ་མ་དང་། ནོར་འཛིན་སྒྲོལ་མ་དང་། རྒྱ་རི་སྒྲོལ་མ་གསུམ་གྱིས་ལས་འཁུར་དམ་འབུལ་ཞུས་ནས་དངོས་སུ་བཀའ་བློན་གྱི་ལས་འགན་དབུ་འཛུགས་གནང་སོང་། 

ལས་ཁུར་དམ་འབུལ་མཛད་སྒེ་དེ་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ལ་དགོས་ངེས་ཀྱི་འོས་གྲངས་ཐོབ་ནས་འདེམས་ཐོན་བྱུང་བའི་བཀའ་བློན་གསུམ་གྱིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུའི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་སོང་།

དམ་འབུལ་གྱི་མཛད་སྒོ་གྲུབ་པའི་རྗེས། གསར་འགོད་པ་རྣམས་ཀྱིས་བཀའ་བློན་གསར་པ་གསུམ་ལ་བཀའ་བློན་དུ་བདམས་ཐོན་བྱུང་བའི་མྱོང་ཚོར་དང་། མ་འོངས་པར་ལས་དོན་སྒྲུབ་ཕྱོགས་སྐོར་དྲིས་པར་བཀའ་བློན་ཐར་ལམ་སྒྲོལ་མས་“ཞབས་ཕྱི་ཞུ་བའི་གོ་སྐབས་རག་པ་དེར་ཞེ་དྲག་དགའ་པོ་བྱུང་། ང་ལ་ཆ་བཞག་པ་ཡིན་ན། མི་ཚེའི་མཐའ་མ་དེ་ལ་དྷ་རམ་ས་ལ་བཅར་ནས་༧གོང་ས་མཆོག་གི་བཀའ་བཞིར་བཟུང་གང་ཐུབ་ཐུབ་ཅིག་ཞུ་བའི་གོ་སྐབས་རག་པ་དེར་དཔེ་དགའ་བོ་བྱུང་ཞུ་རྒྱུ་ཡིན་”ཞེས་བརྗོད་པ་མ་ཟད། མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་ལ་“ཤེས་རིག་ནང་ལ་གདོང་ལེན་མང་པོ་བྱེད་དགོས་པ་དང་། ལྷག་པར་དུ་སྔར་དང་མི་འདྲ་བར་ད་ལྟ་གདོང་ལེན་བྱེད་དགོས་པ་ཤུགས་ཆེན་པོ་ཞིག་ཆགས་བསྡད་འདུག སྤྱིར་བཏང་ག་རེ་བྱེད་དགོས་དང་མི་དགོས་སློབ་གྲྭ་སོ་སོ་ལ་མར་ཕྱིན་ནས་གནས་སྟངས་ལྟ་གིན་ལྟ་གིན་བྱེད་རྒྱུ་རེད། ཡིན་ན་ཡང་། ཤེས་ཡོན་སྤྲོད་རྒྱུ་ལ་སློབ་གྲྭ་ཚང་མའི་ནང་ལ་ཁོར་ཡུག་ཡག་པོ་སྤེལ་རྒྱུ་གལ་ཆེན་པོ་རེད་”ཅེས་གསུངས་བྱུང་།

བཀའ་བློན་ནོར་འཛིན་སྒྲོལ་མས་“དེ་རིང་ང་ཚོ་བོད་དང་བོད་ཀྱི་ལོ་རྒྱུས་ནང་ཉག་ཕྲ་བའི་གནས་སྟངས་འོག་ལ་ང་རང་བཀའ་བློན་བདམས་པ་དེ་ལ་ང་རང་ལ་ཡི་རང་དང་། དེ་ནང་བཞིན་སེམས་ནང་ལ་འགན་ཆེན་པོ་ཞིག་ཡོད་པའི་མྱོང་ཚོར་དེ་ཤུགས་ཆེན་པོ་ཞིག་འདུག་”ཅེས་གསུངས་པའི་ཐོག “ཕྱི་འབྲེལ་ལས་ཁུངས་དེ་ལས་འགན་ཆེན་པོ་གཉིས་ལས་གྲུབ་པའི་ལས་ཁུངས་ཤིག་རེད། གཅིག་དེ་ཕྱི་རྒྱལ་ལ་འབྲེལ་བ་བྱེད་རྒྱུ་དང་། གཅིག་དེ་དྲིལ་བསྒྲགས་བྱེད་རྒྱུ་དེ་རེད། དེ་གཉིས་ཀའི་ཐོག་ནས་ད་ལྟ་ཕྱག་ལས་ཡག་པོ་འགྲོ་དང་འགྲོ་བཞིན་པ་ཆགས་བསྡད་ཡོད་རེད། ཡིན་ན་ཡང་། ཡར་རྒྱས་ལ་མཐའ་མེད་དུས། དེའི་ཐོག་ལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ངས་བསམས་ན། རྒྱལ་སྤྱིའི་འབྲེལ་ལམ་ཐོག་ལ་ཤུགས་ཆེ་རུ་གཏོང་རྒྱུ། དེ་ནང་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ལ་ང་ཚོའི་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པ་དེ་དཔེ་གནད་འགག་རེད། ང་ཚོས་ཁ་ཕྱོགས་དེ་བོད་ལ་ཕར་གཏད་ནས་ལས་ཀ་དང་ལས་འགུལ་དེ་འདྲ་རྩོམ་པའི་དམིགས་ཡུལ་དང་འདུན་པ་དེ་འདྲ་ཞིག་ཡོད་”ཅེས་བསྣན་སོང་། 

བཀའ་བློན་རྒྱ་རི་སྒྲོལ་མས་“སོ་སོའི་བསོད་ནམས་རེད་ལ། ལས་དབང་རེད། སོ་སོ་ལ་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནང་ལ་ཞབས་ཕྱི་ཞུ་བའི་གོ་སྐབས་ཤིག་རག་པ་རེད་”ཅེས་བརྗོད་བྱུང་། མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐད་ལ། ཁོང་གིས“གནས་སྟངས་ག་འདྲ་ཞིག་བྱུང་ན་ཡང་། ང་རང་ཚོ་སུ་འདྲ་ཞིག་ཡིན་ན་ཡང་། དང་པོ་དེ་ང་བོད་པ་ཡིན་པའི་རྒྱལ་ཞེན་དེ་གཙོ་བོར་བཟུང་བའི་ཐོག་ནས། ང་རང་འདྲ་བོ་ཡིན་ན་དེ་དམ་བཅའ་ཕུལ་བ་རེད། དེ་དང་མཚུངས་པའི་དྲང་བདེན་གྱི་ཐོག་ནས་ང་རང་ཚོ་གཅིག་གིས་གཅིག་ལ་མགོ་སྐོར་བཏང་ན་ཆོ་ཡོད་མ་རེད། འཁྲབ་བྱེད་རྒྱུ་དེ་འདྲ་མི་དགོས་པའི་ཐོག་ནས་དྲང་བདེན་གྱི་ཐོག་ནས་འགྲོ་ཐུབ་རྒྱུ་དེ་གལ་ཆེན་པོ་རེད། དེ་ནས་ང་རང་ཚོ་༧རྒྱལ་བ་རིན་པོ་ཆེས་བོད་ཆོལ་གསུམ་དགའ་ན་དགའ་གཅིག་དང་། སྡུག་ན་སྡུག་གཅིག་ཟེར་ནས་བཀའ་གནང་བ་དེ་གཞི་གཙོ་བོར་བཞག་ནས་ལས་ཀ་བྱེད་དགོས་ཀྱི་རེད་བསམ་པ་ཞིག་བྱུང་”ཞེས་བརྗོད་བྱུང་། 

དེ་རིང་དམ་འབུལ་ཞུ་མཁན་གྱི་བུད་མེད་བཀའ་བློན་གསུམ་པོ་ཟླ་གོང་མར་སྐོང་འཚོགས་བྱས་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་དགོས་ངེས་ཀྱི་འོས་གྲངས་ཚང་ནས་འདེམས་ཐོན་བྱུང་བ་ཡིན་ཞིང་། ཚོགས་དུས་དེའི་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཏོན་པའི་འོས་མི་གཉིས་ལ་དགོས་ངེས་ཀྱི་འོས་གྲངས་མ་ལོངས་པ་དང་། འོས་མི་དྲུག་པར་དགག་པ་བྱུང་ནས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན། ཚོགས་གཙོས་སྲིད་སྐྱོང་ལ་འོས་མི་མཐའ་མ་དེ་སྔོན་ལ་གཏོང་རོགས་ཞུས་ན་ཡང་། སྲིད་སྐྱོང་གིས་ངོ་ལེན་མ་བྱས་པར་གནས་སྐབས་རིང་འོས་མི་གཉིས་ཀ་ཕྱིར་འཐེན་བྱས་ནས་བཞག་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།