བུད་མེད་ལ་སྨོན་ལམ་འདེབས་རྒྱུའི་ཐོབ་ཐང་གཅིག་མཚུངས་དགོས་པའི་ལས་འགུལ།
རྒྱ་གར་གྱི་བུད་མེད་ལས་འགུལ་བ་༣༥༠ ཙམ་གྱིས་ལྷ་ཁང་ནང་སྨོན་ལམ་འདེབས་རྒྱུའི་ཐོབ་ཐང་འདྲ་མཉམ་དགོས་པའི་ངོ་རྒོལ་བྱས་པར། ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག
རྒྱ་གར་གྱི་བུད་མེད་ལས་འགུལ་བ་༣༥༠ ཙམ་གྱིས་ལྷ་ཁང་ནང་སྨོན་ལམ་འདེབས་རྒྱུའི་ཐོབ་ཐང་འདྲ་མཉམ་དགོས་པའི་ངོ་རྒོལ་བྱས་པར། ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༦ རྒྱ་གར་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༦༧ འཁོར་བའི་ཉིན། བུད་མེད་ལས་འགུལ་བ་༣༥༠ ཙམ་རླངས་འཁོར་ནང་དུ་བསྡད་ནས། མ་ཧ་ར་ཤེ་ཊེར་མངའ་སྡེའི་ཤ་ནེས་(shani shingnapur) ལྷ་ཁང་གི་མཆོད་ཁང་གཙོ་བོའི་ནང། བུད་མེད་རྣམས་ལ་སྨོན་ལམ་འདེབས་མ་བཅུག་པར་ལོ་ངོ་༤༠༠ ཙམ་འགྲོ་ཡི་ཡོད་པས། ཉིན་དེར་མཆོད་འབུལ་སྨོན་ལམ་བྱེད་པའི་ཐོབ་ཐང་འདྲ་མཉམ་དགོས་པའི་ངོ་རྒོལ་ཆེད། བུད་མེད་རྣམས་མཆོད་ཁང་དེར་འཛུལ་འཆར་བྱས་ཡོད་ཀྱང། ལྷ་ཁང་དེ་ནས་རྒྱང་ཐག་ཀི་ལོ་མི་ཊར་༧༠ ཙམ་ལ་ཉེན་རྟོག་པས་བུད་མེད་རྣམས་བཀག་ཉར་བྱས་ནས། མདུན་བསྐྱོད་བྱེད་དུ་བཅུག་མེད་ཁར། བུད་མེད་ཚོས་ཁོ་ཚོ་ལྷ་ཁང་དུ་འགྲོ་མ་བཅུག་བར། དེ་གར་མི་འགུལ་བར་ངོ་རྒོལ་བྱས་ནས་སྡོད་རྒྱུ་ཡིན་པར་བརྗོད་ནས་ལྷག་བསྡད་ཡོད་འདུག
དེ་ཡང་རྒྱ་གར་ནང་ཁ་ཆེ་དང་ཧིན་རྡུ་ལྷ་ཁང་མང་པོ་ཞིག་ནང་བུད་མེད་ཡོང་མ་ཆོག་པའི་ལམ་སྲོལ་ཡོད་པ་རེད། ཕྱི་ལོ་༢༠༡༥ ལོར་ཀེ་རེ་ལའི་ལྷ་ཁང་ཞིག་གི་ཆོས་དཔོན་གྱིས། བུད་མེད་རྣམས་ཟླ་མཚན་བབ་ཡོད་མེད་ཤེས་པའི་འཕྲུལ་ཆས་ཤིག་མ་བཟོས་བར། བུད་མེད་རྣམས་ལྷ་ཁང་དེར་འཛུལ་མི་ཆོག་པར་བཤད་ནས། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱར་ངོ་རྒོལ་གྱི་རྣམ་པ་འདྲ་མིན་ཐོན་ཡོད་པ་རེད།
སྤྱིར་རྒྱ་གར་ནང་བུད་མེད་ཟླ་མཚན་འཁོར་དུས་གཙང་མ་མིན་པར་ངོས་འཛིན་བྱེད་མཁན་ཆོས་ལུགས་སྡེ་ཚན་ཚོས། དུས་ཚོད་དེའི་རིང་བུད་མེད་ལྷ་ཁང་དུ་འཛུལ་མི་ཆོག་པའི་བཀའ་བཏང་ཡོད་པ་དང། ལྷ་ཁང་ཁ་ཤས་ནང་བུད་མེད་རྩ་བ་ནས་འཛུལ་ཆོག་གི་མེད་པ་རེད། དེང་སང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་མང་དུ་འགྲོ་བཞིན་ཁར། གནའ་བོའི་ལུགས་སྲོལ་དག་ལ་རྒྱུ་མཚན་ལྡན་པའི་ཐོག་ནས་ངོ་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།
བོད་ལ་ཡང་ཆོས་ལུགས་ཀྱི་ཤུགས་རྐྱེན་འདྲ་མིན་འོག ལྷ་ཁང་ཁག་གི་མགོན་ཁང་ནམ་སྲུང་མའི་རྟེན་ཡོད་སའི་ལྷ་ཁང་དུ་བུད་མེད་འགྲོ་མི་ཆོག་པ་དང་། རི་ལྷ་གསོ་བའི་སྐབས་བུད་མེད་ཡོང་མི་ཆོག་པའི་ལུགས་སྲོལ་ས་གནས་རེ་འགར་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།