བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་འོས་འདེམས་རྗེས་དམ་འབུལ་མ་ཐུབ་པ།
ཟླ་འདིའི་ཚེས་༡༣ དགོང་མོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༡ པའི་ཐོག་དབུས་རྒྱུན་གསར་པ་འོས་འདེམས་བྱས་ཡོད་ནའང། འོས་ཐོབ་རྒྱུན་ལས་ལྔ་ཚོགས་བཅར་བྱས་མེད་པ་དང་། ཚོགས་བཅར་བྱས་པའི་ནང་ནས་མི་གསུམ་གྱིས་དགོངས་པ་ཞུ་རྒྱུ་ཡིན་སྐོར་བརྗོད་དེ། མཐའ་མའི་ཐག་གཅོད་མ་ཐུབ་པར་དབུས་རྒྱུན་གསར་པའི་ལས་ཁུར་དམ་འབུལ་ཉིན་དེར་ཞུ་ཐུབ་མེད་པ་རེད།
ཟླ་འདིའི་ཚེས་༡༣ དགོང་མོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༡ པའི་ཐོག་དབུས་རྒྱུན་གསར་པ་འོས་འདེམས་བྱས་ཡོད་ནའང། འོས་ཐོབ་རྒྱུན་ལས་ལྔ་ཚོགས་བཅར་བྱས་མེད་པ་དང་། ཚོགས་བཅར་བྱས་པའི་ནང་ནས་མི་གསུམ་གྱིས་དགོངས་པ་ཞུ་རྒྱུ་ཡིན་སྐོར་བརྗོད་དེ། མཐའ་མའི་ཐག་གཅོད་མ་ཐུབ་པར་དབུས་རྒྱུན་གསར་པའི་ལས་ཁུར་དམ་འབུལ་ཉིན་དེར་ཞུ་ཐུབ་མེད་པ་རེད།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༡ དེ་དྷ་སའི་ཉེ་འགྲམ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་དྲུག་རིང་འཚོགས་པ་དང་། བུད་མེད་ཚོགས་པར་ས་གནས་རྒྱུན་ལས་ལྔ་བཅུ་ལྷག་ཡོད་པའི་ནང་ནས་ས་གནས་ཁག་༢༧ གྱི་འཐུས་ཚབ་༡༥༠ ལྷག་ཚོགས་ཞུགས་བྱས་ཡོད་པ་རེད།
ཉིན་མཐའ་མའི་ཐོག་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་གྲོས་གཞི་གྲོས་ཆོད་ཁག་གཏན་འབེབས་བྱས་རྗེས། ཕྱི་དྲོ་ཆུ་ཚོད་༣ པ་ཙམ་ནས་གསར་འགོད་པ་ཚོགས་ཐོག་ཏུ་མ་བཏང་བར། འོས་འདེམས་སླེབས་ལ་ཉེ་སྐབས་ནང་མོལ་བགྲོ་གླེང་བྱས་ཡོད་པ་རེད། རྒྱུན་ལྡན་ཚོགས་པ་ཁག་གིས་འོས་མི་འདེམས་སྒྲུག་སྐབས་ནང་ཁུལ་དུ་རྩོད་གླེང་དེ་འདྲ་འབྱུང་གི་ཡོད་ནའང་། གསར་འགོད་པ་དང་ཟུར་ཉན་པ་སོགས་ལ་ཚོགས་ཁང་ནང་ལྟ་ཉན་བྱེད་བཅུག་གི་ཡོད་པ་རེད། འོན་ཀྱང་ད་ཐེངས་ནང་མོལ་བགྲོ་གླེང་ཡུན་རིང་བྱས་མཐར། དགོང་མོའི་ཆུ་ཚོད་༥ ཙམ་ལ་འོས་བསྡུས་དངོས་སུ་འགོ་འཛུགས་བྱས་སོང་།
འོས་མི་༢༢ མར་བཀྲམ་པ་དང་། ཚོགས་ཞུགས་པ་༡༢༤ འོས་ཤོག་འཕངས་རྗེས། ༡) དབུས་རྒྱུན་ལས་ཐོག་ཚེ་རིང་སྒྲོལ་མ་ལ་འོས་༡༠༩། ༢) སྦེལ་ཀོབ་ནས་ཡིན་པ་ཐར་ལམ་སྒྲོལ་མ་ལ་འོས་༡༠༣། ༣) དབུས་རྒྱུན་ལས་ཐོག་ཉི་མ་ལྷ་མོ་ལ་འོས་༩༢། ༤) དབུས་རྒྱུན་ལས་ཐོག་ཨ་ནེ་བསྟན་འཛིན་ཚེ་ལྷ་ལ་འོས་༨༣། ༥) དབུས་རྒྱུན་ལས་ཐོག་པདྨ་ཆོས་སྒྲོན་ལ་འོས་༨༢། ༦) སྦེལ་ཀོབ་ནས་ཡིན་པའི་སྒྲོལ་མ་དབྱངས་ཅན་ལ་༧༨། ༧) ཚེ་རིང་དོན་ལྡན་ནས་ཡིན་པ་ཚེ་རིང་ཆོས་འཛོམས་ལ་འོས་༧༦། ༨) དྷ་ས་ནས་ཡིན་པ་བསོད་ནམས་སྒྲོལ་དཀར་ལ་འོས་༧༢། ༩) དབུས་རྒྱུན་ལས་ཐོག་ཚེ་རིང་དབང་མོ་ལ་འོས་༧༠། ༡༠) ཨི་ཊ་ལས་ནས་བདེ་ཆེན་སྒྲོལ་དཀར་ལ་འོས་༥༥། ༡༡) ཧ་པ་སྦུར་ནས་ཡིན་པ་བཀྲ་ཤིས་ཆོས་སྒྲོན་ལ་འོས་༤༤ བཅས་ཐོབ་ཡོད་པ་རེད།
འོས་འདེམས་བྱུང་བ་དེ་དག་གི་ནང་དངོས་སུ་ཚོགས་ཞུགས་བྱས་ཡོད་པ་མི་༦ ལས་མེད་པས། གཞན་རྣམས་ལ་དབུས་རྒྱུན་དུ་སྡོད་རྒྱུ་ཡིན་མིན་ལ་ཁ་པར་བཏང་སྟེ་འབྲེལ་བ་བྱས་ཡོད་ནའང་། ཁ་ཐུག་ཡར་མར་ལ་འབྲེལ་བ་བྱེད་མ་ཐུབ་པར་བརྟེན། འོས་འདེབས་བྱུང་བའི་རྒྱུན་ལས་དྲུག་གི་ངོས་ནས་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་ཀྱིས་འོས་མི་གཏན་འབེབས་བྱས་རྗེས། ཚོགས་མི་ཚོས་འོས་འཕངས་ཏེ། སྒྲོལ་མ་དབྱངས་ཅན་ལ་ཚོགས་གཙོ་དང་། ཚེ་རིང་སྒྲོལ་མ་ལ་ཚོགས་གཞོན། ཚེ་རིང་ཆོས་འཛོམས་ལ་དྲུང་ཆེ་བཅས་ཀྱི་འོས་ཐོབ་ཡོད་ནའང་། སྒྲོལ་མ་དབྱངས་ཅན་དང་ཚེ་རིང་ཆོས་འཛོམས་གཉིས་ཀ་ཚོགས་བཅར་བྱས་མེད་པ་མ་ཟད། དེ་མིན་གྱི་འོས་ཐོབ་རྒྱུན་ལས་ཁག་ཅིག་ཀྱང་ཚོགས་བཅར་བྱས་མེད་པ་རེད།
མཚམས་དེར་དབུས་རྒྱུན་ལ་འོས་འདེམས་བྱུང་བའི་ཉི་མ་ལྷ་མོ་ཧོབ་སྟེ་སྡིངས་ཆའི་ཐོག་ཏུ་ཕེབས་ནས་མོ་རྒྱུན་ལས་ནས་དགོངས་པ་ཞུ་རྒྱུ་ཡིན་ལ། རྒྱུ་ཚན་ནང་ཁུལ་ལ་བཤད་རྒྱུ་ཡིན་པས། ཕྱི་མི་ཚོ་ཚོགས་ཁང་ཕྱི་ལོགས་ལ་འགྲོ་དགོས་སྐོར་བརྗོད་སོང་།
སྐབས་དེར་འོས་ཐོན་བྱུང་བའི་ཚོགས་གཞོན་ཚེ་རིང་སྒྲོལ་མས་ད་ཐེངས་ཚོགས་ཐོག་ཏུ་འོས་ཐོན་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་རྒྱུན་ལས་ཁག་ཅིག་ཚོགས་བཅར་བྱེད་ཐུབ་མེད་པས། ལས་ཁུར་དམ་འབུལ་ཚོགས་ཆེན་འདིའི་ཐོག་ཞུ་ཐུབ་མ་སོང་། རྗེས་སུ་ཚང་མ་འཛོམས་ནས་ལས་ཁུར་ཞུ་རྒྱུ་ཡིན་ལ། རྒྱུན་ལས་གསར་པའི་ངོས་ནས་རྒྱུན་ལས་རྙིང་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསལ་བཤད་བྱས་སོང་། དེ་རྗེས་གསར་འགོད་པ་དང་ཚོགས་པ་ཁག་གི་སྐུ་ཚབ་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་ཚོ་ཕྱི་ལ་ཐོན་དགོས་བྱུང་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འོས་ཐོབ་རྒྱུན་ལས་ཉི་མ་ལྷ་མོ་དང་། པདྨ་ཆོས་སྒྲོན། ཚེ་རིང་དབང་མོ་བཅས་གསུམ་གྱིས་དགོངས་པ་ཞུ་རྒྱུ་ཡིན་བརྗོད་ཡོད་ནའང་། མཐའ་མའི་ཐག་གཅོད་བྱེད་ཐུབ་མེད་པ་རེད།
ཚོགས་འདུ་གྲོལ་རྗེས་གསར་འགོད་པས་འོས་ཐོན་ཚོགས་གཞོན་ཚེ་རིང་སྒྲོལ་མར་རྒྱུན་ལས་གསུམ་དགོངས་པ་ཞུ་དགོས་དོན་སྐོར་གང་ཡིན་བཅར་འདྲི་བྱས་པར། ཁོང་གིས། “སྐབས་༡༡ པའི་རྒྱུན་ལས་འོས་འདེམས་བྱུང་ཡོད་པ་རེད། ཡིན་ནའང་རྒྱུན་ལས་གསུམ་གྱིས་དགོངས་པ་ཞུ་ཡི་ཡིན་ཞེས་ཚོགས་ཐོག་ཏུ་གསུངས་པ་རེད་མོད། ད་ལྟ་ཚོགས་གཙོ་དང་དྲུང་ཆེ། རྒྱུན་ལས་གསར་པ་ཁག་ཅིག་སླེབས་མེད་པས། དགོངས་པ་སྤྲོད་དང་མི་སྤྲོད་ཏག་ཏག་ཐུབ་ཀྱི་མ་རེད། དགོངས་པ་སྔོན་ནས་མ་ཞུས་པར་མཐའ་མ་དེར་ཞུས་ན་ཏག་ཏག་སྡོད་ཀྱི་མི་འདུག་བསམ་གྱི་འདུག སོ་སོས་དགོངས་པ་ཆེ་བཞེས་གནང་རྒྱུ་རེད། རྗེས་སུ་རྒྱུན་ལས་ཆ་ཚང་འཛོམས་ནས་དགོངས་པ་སྤྲོད་དགོས་མིན་ཐག་གཅོད་ཡོང་གི་རེད་”བསམ་གྱི་འདུག་ཅེས་གསུངས་སོང་།
དགོངས་པ་ཞུ་མཁན་ཚོས་རྒྱུ་མཚན་ག་རེ་བཤད་ཡོད་པ་རེད་ཅེས་བཅར་འདྲི་བྱས་པར། ཁོང་གིས། “རྒྱུ་མཚན་མི་ཚང་མར་སོ་སོར་ ཡོད་ཀྱི་རེད། ངས་བལྟས་ན་རྒྱུ་མཚན་ཞིག་ཨེ་ཡོད་ན་དྲན་གྱི་འདུག སོ་སོས་རྒྱུ་མཚན་ཆུང་ཙག་ཅིག་ཡིན་ནའང་རྒྱུ་མཚན་བཙལ་ནས་དགོངས་པ་ཞུ་མདོགས་རེད། ཡིན་ནའང་རྒྱུན་མཚན་ཆེ་ཆུང་གང་ཡིན་སོ་སོས་བསམ་བློ་གཏོང་སྟངས་རེད་མ་གཏོགས། ངས་དེ་ཙམ་ཁྱད་པར་འགྲོ་བ་དང་འ་ཆད་འུ་ཐུག་ཅིག་རེད་བསམ་གྱི་མི་འདུག་”ཅེས་འགྲེལ་བརྗོད་བྱས་སོང་།
དེ་རྗེས་གསར་འགོད་པའི་དགོངས་པ་ཞུ་མཁན་ཚོར་གནས་ཚུལ་དེའི་སྐོར་ལ་བཅར་འདྲི་པར། ཁོང་སྒེར་གྱི་དཀའ་ངལ་སྐོར་ཡིན་པས། དམིགས་བསལ་བརྒྱུད་ལམ་ལ་གང་ཡང་བཤད་རྒྱུ་མེད་སྐོར་འགྲེལ་བརྗོད་བྱས་སོང་།
ཕྱི་ཟླ་༥ པའི་ཚེས་༨ ནས་ཚེས་ ༡༣ བར་བུད་མེད་ཚོགས་ཆེན་འཚོགས་སྟེ། མ་འོངས་ལས་དོན་བྱེད་ཕྱོགས་ལ་གྲོས་ཆོད་གཙོ་བོ་དོན་ཚན་བདུན་གྱི་ཐོག་བཞག་ཡོད་པ་རེད།
༸གོང་ས་མཆོག་གི་སྐུ་ཕྱྭ་དང་། བཀའ་སློབ་གསུང་གི་བདུད་རྩི་སྙིང་དབུས་སུ་བཅངས་ཏེ་བཀའ་དགོངས་ཚུལ་བཞིན་བླང་དོར་དྭང་སྒྲུབ་ཞུ་རྒྱུ་དང་། སྐུའི་གྱ་སྟོན་གྱི་འཁྲུངས་སྐར་རྟེན་འབྲེལ་ཟབ་རྒྱས་སྲུང་བརྩི་དང་། ཆོས་ཕྱོགས་ཀྱི་ཞུ་སྒོ་འབད་སྒྲུབ་ཞུ་ཕྱོགས་ཇི་དགེའི་སྐོར། ཚོགས་མི་ཡོངས་ནས་ནང་ཆོས་ཀྱི་སློབ་གསོ་གོ་རྟོགས་ཡར་རྒྱས་བཏང་བ་བརྒྱུད་སོ་སོའི་ཁྱིམ་ཚང་དང་། གྲོང་པ་ཁྱིམ་མཚེས། སྤྱི་ཚོགས་ཁྱོན་ཡོངས་བཅས་པར་བོད་མིའི་ཐུན་མོང་མ་ཡིན་པའི་གོམས་གཤིས་བཟང་སྤྱོད་ཡར་རྒྱས་ཐད་ལས་འགུལ་སྤེལ་རྒྱུ། སྐུའི་བླ་གཟའ་ལ་དཀར་ཟས་ཡོང་ཐབས་དང་། ནད་པ་དང་ཉམས་ཐག་རིགས་ལ་རོགས་སྐྱོར། ༸རྒྱལ་བའི་སྐུ་ཕྱྭར་ཉེན་ཁའི་གནོད་སྐྱོན་ཡོང་ཁུངས་གཙོ་བོར་དོལ་རྒྱལ་རྗེས་འབྲང་ཚོགས་པའི་ཐོག་ནས་བཟོ་ཡི་འདུག་ཅེས་རྒྱ་གར་དང་། ཨ་རི་སོགས་ནས་གསུང་མུས་ལ་སོང་། རང་ཅག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་རྣམ་དཔྱོད་ལྡན་པའི་གདོང་ལེན་དང་། འགོག་རྒོལ་ཚ་ནན་དུས་ཐོག་སོ་སོར་གནང་རྒྱུ་བཅས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་པ་རེད།
དེ་བཞིན་བོད་ནང་རྒྱ་དམར་གཞུང་གིས་ཁྲིམས་འགལ་ཐོག་བཙན་འཛུལ་བྱས་ཏེ་མི་ལོ་ ༦༦ སོང་རིང་། བོད་ཀྱི་བསྟན་སྲིད་ཁོར་ཡུག་དང་བཅས་པ་ཉམས་རྒུད་དུ་འགྲོ་མུས་སུ་ཡོད་ན་ཛ་དྲག་གནས་སྟངས་ལས་སྐྱོབ་ཕྱིར་ལས་འགུལ་སྤེལ་ཕྱོགས་སྐོར་ལ། ད་ཕན་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་ཀྱི་སླད་དུ་སྐུ་ལུས་མེར་སྲེག་འབུལ་མཁན་ཆོལ་གསུམ་རང་རིགས་གསེར་སྐྱ་ཕོ་མོ་མི་གྲངས་༡༣༩ བྱུང་བ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཆེད། ཁོང་རྣམ་པའི་མཚན་དང་ལོ་རྒྱུས་འཁོད་པའི་ཡིག་ཆ་ཁག་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་སུ་དབུས་ས་གཉིས་ནས་སྙན་ཐོ་འབུལ་རྒྱུ་གཙོས་ཁྱབ་བསྒྲགས་འགྲེམས་སྤེལ་ཡོང་ཐབས། བོད་ནང་རྒྱ་ནག་གི་ཁོར་ཡུག་གཏོར་བཤིག་བྱེད་རྒྱུ་ཡོད་པ་བཀག་འགོག་ཡོང་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་མཚོན་པའི་ཤེས་ཡོན་ཀུན་སྤྱོད་ཡར་རྒྱས་དང་ནུས་སྟོབས་གོང་མཐོར་གཏོང་ཆེད་བོད་ཕྲུག་རྣམས་ལ་ཐོག་མར་ཕ་མའི་ངོས་ནས་རང་མི་རིགས་ཀྱི་གཞི་རྩའི་སྐད་ཡིག་རིག་གནས་གོམས་གཤིས་དང་བཅས་བོད་སྐད་ཁོ་ནའི་ཐོག་བེད་སྤྱོད་སློབ་སྟོན་ལག་བསྟར་ཡོང་བར་ཕ་མས་འགན་ལེན་དང་འབྲེལ། བོད་པའི་སློབ་གྲྭ་ཁོ་ནར་གཏོང་དགོས་པའི་འབོད་སྐུལ་བྱེད་རྒྱུ་སོགས་ཀྱིས་མཚོན་སྐད་ཡིག་དང་བོད་པའི་གོམས་གཤིས་རྒྱུན་འཛིན་ཡོང་ཐབས་སུ་ལས་འགུལ་སྤེལ་རྒྱུ།
༸གོང་ས་མཆོག་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་དར་རྒྱས་ཡུན་གནས་ཀྱི་རྨང་གཞི་བོད་པའི་མི་རིགས་གཙང་སྤེལ་དང་། མི་འབོར་འཕེལ་རྒྱས་ལ་རག་ལུས་སྐོར་གལ་ཆེའི་བཀའ་སློབ་སྔ་ཕྱིར་སྤྱི་ཕེབས་བཞིན། རང་རིགས་ཕོ་མོ་རྒན་དར་གཞོན་གསུམ་ཡོངས་ནས་འདི་སྐོར་མི་རིགས་སྲེ་ལྷད་མེད་པར་གཙང་སྤེལ་དང་། མི་འབོར་འཕེལ་རྒྱས་ལ་སྔར་ལྷག་འགན་ཁུར་ཤུགས་གནོན་བསྐྱོན་རྒྱུ། བུད་མེད་ལྷན་ཚོགས་ཀྱི་ཚོགས་མིའི་ཁྲོད་ཕྱི་ལོ་ ༢༠༠༠ ཚུན་ཕྲུ་གུ་གསུམ་ལྷག་སྐྱེས་སྲིང་གནང་ཐུབ་མཁན་ཡུམ་ཆེན་ཚོར་དབུས་ས་གཉིས་ནས་སློབ་ཡོན་གྱི་མཐུན་འགྱུར་ལས་རིམ་རྒྱུན་འཁྱོངས་དང་། ཕྱོགས་མཚུངས་ཁྱིམ་འཛིན་འཚོ་གོས་སྐུ་ངལ་ཡོད་རིགས་ལའང་གཟིགས་རྟོགས་དབུས་ས་གཉིས་ནས་གནང་རྒྱུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་སྲ་བརྟན་ཡོང་ཐབས་ཇི་དགེའི་སྐོར་བཅས་ལ་གྲོས་ཆོས་བཞག་ཡོད་པ་རེད།
ཚོགས་ཆེན་ཐེངས་ལྔ་པའི་ཐོག་སྤྱི་མོས་གཏན་འབེབས་གྲུབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་མཇུག་སྐྱོང་གནང་རྒྱུ་དང་། གོ་རྟོགས་ལས་འགུལ་སྤེལ་རྒྱུ་དང་། འཆར་ཅན་བུད་མེད་སྒེར་ལངས་དུས་དྲན་དང་། རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་ཆགས་དྲན་གསོ། དབུ་མའི་ལམ་གྱི་སློབ་གསོ་དྲིལ་བསྒྲགས་སོགས་ལས་འགུལ་ནམ་སྤེལ་སྐབས། དབུས་ནས་སྔོན་ཚུད་གོ་བསྡུར་གྲ་སྒྲིག་གིས་ལས་འགུལ་གྱི་ངོ་བོ་དང་འཚམས་པའི་འབོད་ཚིག་དང་། འཕྲེད་དར། དགོས་མཁོའི་ཡིག་ཆ་བཅས་གཏན་འབེབས་ཀྱིས་ས་གནས་སོ་སོར་གཅིག་མཚུངས་རྒྱ་འགྲེམས་གནང་རྒྱུ་མ་ཟད། མི་རབས་གསར་པ་མང་པོ་ཞིག་མཐོ་སློབ་ཁག་ནང་སློབ་གཉེར་གནང་མུས་ལ་སོང་། ཁོང་ཚོ་ལའང་དེ་བཞིན་སློབ་གསོ་དང་གོ་རྟོགས་ལམ་སྟོན་ཁྱབ་འགྲེམས་ཐུབ་པ་གནང་རྒྱུ་སོགས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།