ཆེད་བརྗོད།
མི་མང་གིས་འོས་འདེམས་བྱས་ནས་ཡར་ཐོན་པའི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཁ་ནས་ཁྲིམས་མཐུན་འབའ་ཞིག་བྱེད་དགོས་ཚུལ་དང་བྱེད་བཞིན་ཡོད་ཚུལ་བརྗོད་ཀྱི་ཡོད་ནའང་། དོན་དངོས་ལག་བསྟར་དེ་ལས་ལྡོག་སྟེ་ལས་དོན་མང་པོ་ཞིག་སྒྲུབ་བཞིན་འདུག། དཔེར་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སུམ་ཅུ་པའི་ཆ་རྐྱེན་འོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་<<བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི།>>དོན་ཚན་བརྒྱད་པ། བཀའ་ཤག་གི་འགན་དབང༌། ཞེས་པའི་ནང་གསེས་༢ པ། ”བཀའ་ཤག་གི་འགན་འཁུར་ནི་སྲིད་སྐྱོང་དང་། བཀའ་བློན་རྣམས་མཉམ་འདུས་ཀྱི་འགན་འཁུར་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་རྣམས་སྲིད་སྐྱོང་དང་བཀའ་བློན་རྣམས་སྤྱི་མོས་སམ་མང་མོས་ཀྱིས་གྲོས་དོན་ཐག་གཅོད་བྱེད་དགོས་པ་ལས་སྲིད་སྐྱོང་ངམ་བཀའ་བློན་བྱེ་བྲག་པ་ཞིག་གིས་ཐག་གཅོད་མི་ཆོག“ཅེས་གསལ་ཡོད་ཀྱང་། དོན་དུ་བཀའ་བློན་གཞན་སུ་གཅིག་མེད་བཞིན་མི་གཅིག་གིས་ཐག་གཅོད་ཆེན་པོ་སྣ་ཚོགས་ཤིག་བྱེད་བཞིན་འདུག
དཔེར་ན་གོང་གསལ་སྒྲིག་གཞིའི་ནང་“བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་རྣམས་“སྲིད་སྐྱོང་ངམ་བཀའ་བློན་བྱེ་བྲག་པ་ཞིག་གིས་ཐག་གཅོད་བྱེད་མི་ཆོག་ནའང་། ད་ལྟའི་ཆར་སྐུ་ངོ་སྤེན་པ་ཚེ་རིང་ཁོང་ཉིད་གཅིག་པུས་ང་སྲིད་སྐྱོང་ཡིན། ང་དབུས་ལས་ཁུངས་ཆེ་ཁག་བདུན་གྱི་བཀའ་བློན་ཡང་ཡིན་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པ། བོད་རྒྱ་ཞི་མོལ་གྲ་སྒྲིག་ཚོགས་ཆུང་ཕྱིར་བསྡུ་བྱས་ནས། ཁོང་གི་འབྲེལ་ཡོད་ནང་མ་ཁག་ཅིག་གཙོ་བོ་བྱས་ཏེ་མི་བཞི་ལས་གྲུབ་པའི་ཤོག་ཁག་ཅིག་བཟོས། ཕྱག་རོགས་བཀའ་བློན་གཞན་དག་མེད་ཀྱང་འཐུས་ཤོར་མི་འགྲོ་ཞེས་ཨུ་ཚུགས་ཀྱིས་གསུངས་བཞིན་པ་དང་། འདྲ་མི་འདྲ་གུ་རུ་མཚན་བརྒྱད་ཅེས་པ་ལྟར། མི་གཅིག་གིས་མིང་བརྒྱད་ཁུར་ནས་ཐག་གཅོད་བྱས་ཡོང་དུས་མི་གཅིག་མི་བརྒྱད་ལ་བརྩིས་ནས་འགྲེལ་བཤད་རྒྱག་གི་ཡོད་སྲིད་ཀྱང་། སྒྲིག་གཞིའི་གོ་དོན་གང་ཟག་བྱེ་བྲག་པ་ཞིག་གིས་ཐག་གཅོད་བྱེད་མི་ཆོག་ཅེས་པ་ལས་མི་གཅིག་ལ་མིང་མང་པོ་བཏགས་པ་ཙམ་གྱིས་ཐག་གཅོད་བྱེད་ཆོག་པ་ཞིག་ཏུ་འགྱུར་མི་སྲིད།
ད་དུང་འཛིན་སྐྱོང་སྒྲིག་གཞི་དོན་ཚན་བཅུ་གསུམ་པ། ལས་དོན་ཐག་གཅོད། ཅེས་པའི་ནང་གསེས་༢ པ། ”བཀའ་ཤག་གི་སྤྱི་བྱེའི་འཆར་འཕར་ལས་དོན་ཚང་མ་སྲིད་སྐྱོང་དང་བཀའ་བློན་ལྷན་རྒྱས་མཉམ་གྲོས་གོ་བསྡུར་གྱི་ལམ་ནས་གནང་དགོས་པ་དང༌། ལྷག་པར་ལས་དོན་དམིགས་བསལ་དང༌། དངུལ་གྲོན་འཕར་མ་གཏོང་ཕྱོགས་ཀྱིས་མཚོན་ལས་དོན་གང་ཅི་གོ་བསྡུར་མེད་པར་སྲིད་སྐྱོང་ངམ་བཀའ་བློན་སུ་ཐད་ནས་ཐག་གཅོད་གནང་མི་ཆོག“ཅེས་ཁ་གསལ་འཁོད་ཡོད་ཀྱང་། དངུལ་གྲོན་འཕར་མ་གཏོང་དགོས་པའི་གནད་དོན་མང་པོ་གང་ཟག་བྱེ་བྲག་གཅིག་གིས་ཐག་གཅོད་བྱེད་བཞིན་པ། དཔེར་ན་ཕྱི་ལོ་༢༠༡༩ ལོར་མི་འབོར་ཞིབ་བཤེར་བྱས་ཟིན་ཀྱང་། ལོ་འདིར་འགྲོ་སོང་འཕར་མ་མང་པོ་ཞིག་བཏང་ནས་བསྐྱར་དུ་ལས་དོན་བྱེད་བཞིན་ཡོད། ད་ལྟའི་ཆར་སྤྱི་འཐུས་ལྷན་ཚོགས་སླར་གསོ་མི་ཐུབ་པར་གྱུར་ནས། བཀའ་བློན་གསར་འདེམས་མ་ཐུབ་པ་སོགས་ལས་དོན་ཐད་བསམ་ཚུལ་མི་མཐུན་པ་ཤོད་མཁན་གཅིག་ཀྱང་མེད་པས་སྒྲིག་གཞི་འདིའི་དགོངས་དོན་བཞིན་འགྲོ་ཐབས་གཏན་ནས་མེད་པ་ལྟ་བུ་རེད།
གོང་དུ་བཀོད་པ་ལྟ་བུའི་གནས་ཚུལ་མང་དག་ཅིག་དུས་ཐུང་ནང་གཅིག་རྗེས་གཉིས་མཐུད་དུ་ལྷགས་བཞིན་པས། བོད་ཀྱི་བང་ཆེན་འདོན་ཐེངས་སྔོན་མ་ཞིག་གི་ཆེད་བརྗོད་ནང་<<མི་གཅིག་དབང་འཛིན་གྱི་དུས་སྐབས་>>ཞེས་པ་ཞིག་བྲིས་པར། བཀའ་དྲུང་ཡིག་ཚང་ནས་ལས་ཤོག་ཐོག་བོད་ཀྱི་བང་ཆེན་གསར་ཁང་ལ་བཀའ་བཀྱོན་དང་སྡིགས་ར་བསྐུལ་ཡོད་ནའང་། དོན་དངོས་སུ་ད་ལྟའི་བྱེད་སྟངས་འདི་ཉིད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབས་གནང་བ། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞིའི་ནང་གསལ་ཁ་ཡོད་པ་མང་དག་ཅིག་ཟུར་དུ་བཞག་ནས་མི་གཅིག་རང་གིས་ཨུ་ཚུགས་མཐའ་སྐྱེལ་གྱིས། རང་གི་འདོད་ཕྱོགས་ཁོ་ན་རྩལ་འདོན་བྱས་ནས་ཐག་གཅོད་དང་ལས་དོན་གང་མང་ཞིག་འགྱུར་བ་གཏོང་བཞིན་པ་འདི་ནི། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཁྲིམས་ཀྱི་དབང་བསྒྱུར་ནས་གང་ཟག་གི་དབང་བསྒྱུར་དུ་འགྲོ་བའི་སྲོལ་ངན་ཞིག་ཏུ་འགྱུར་ངེས་པས། གནོན་ཤུགས་དང་དཀའ་ངལ་མང་དག་ཅིག་གདོང་ལེན་མི་བྱེད་ཐབས་མེད་དུ་གྱུར་འདུག
མདོར་ན་ད་ལྟའི་ཆར་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་ཚང་མར་ཁྲིམས་མཐུན་གྱི་རང་བཞིན་མེད་པའི་སྐབས་འདིར། ཁྲིམས་སྒྲིག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ནང་ཁུལ་གྱི་སྲིད་དོན་དང་བསྲེས་ནས་རྩོད་གཞི་བསླངས་པས་ཐག་གཅོད་ཧ་ཅང་བྱེད་དཀའ་བ་ཞིག་ཏུ་གྱུར་ཟིན། ངོ་གདོང་ཙམ་ལས་རྒྱབ་ལྗོངས་ངོ་མ་དེ་ཐག་བཅད་ནས་བཤད་དཀའ་ནའང་། ད་ལྟའི་དུས་འདིར་ཐག་གཅོད་གནང་ཕྱོགས་དང་ལས་དོན་བྱེད་ཕྱོགས་གང་ཐད་ནས་ཐེ་ཚོམ་སྐྱེ་དགོས་པ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཡོང་གི་ཡོད་པས། བོད་མིའི་སྒྲིག་འཛུགས་འདི་ཉིད་རྒྱ་ཆེ་ས་ནས་ཁྲིམས་དང་སྒྲིག་གཞིའི་འོག་ནས་ལས་དོན་བྱེད་པའི་གོམས་གཤིས་བཟང་པོ་ཞིག སྤྱི་འཐུས་ཚོགས་གཙོ་ཟམ་གདོང་རིན་པོ་ཆེའི་སྐབས་ནས་བྱུང་ཡོད་པ་དང་། ད་ལྟའི་ཆར་རྩོད་རྙོག་འདི་བཟོས་ནས་མ་འོངས་པར་ཁྲིམས་མེད་ལུགས་མེད་ཀྱི་སྒྲིག་འཛུགས་ཤིག་ཏུ་འགྱུར་ཉེན་འདུག་པས། གནད་དོན་ཚང་མར་ནང་ཁུལ་གྱི་སྲིད་དོན་དང་འབྲེལ་ནས་མི་བལྟ་བར་དོན་དངོས་གང་ཡིན་བརྟག་དཔྱད་ཀྱི་ཐོག་ནས་བལྟ་དགོས་པ་གལ་ཆེན་པོར་གྱུར་ཡོད་སྙམ།།