བོད་ཀྱི་ཁོར་ཡུག་གི་གལ་གནད་ངོས་འཛིན་དགོས་སྐོར་གསུངས་སོང་།

ཚོགས་པ་བདུན་ནས་སླེབས་ལ་ཉེ་བའི་འཛམ་གླིང་ཁོར་ཡུག་ཚོགས་ཆེན་ནང་དུ། བོད་ཀྱི་ཁོར་ཡུག་གི་གལ་གནད་ངོས་འཛིན་དང་གླེང་སློང་གི་སྙིང་པོར་འཇོག་དགོས་པ། བོད་མི་རྣམས་ལ་འཚོ་གནས་ཀྱི་རང་དབང་ལོངས་སུ་སྤྱོད་འཇུག་དགོས་པའི་དགོས་འདུན་བཏོན་ནས་ལས་འགུལ་སྤེལ་གནང་སོང་། 

ཟླ་༡༠ པའི་ཚེས་༢༢ ཉིན་བཞུགས་སྒར་རྡ་ས་མེག་གྷན་གྱི་ཁྲོམ་གཞུང་དུ། བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ཁོར་ཡུག་སྡེ་ཚན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་བཅས་ཚོགས་པ་བདུན་ཐུན་མོང་ནས། ཕྱི་ལོ་༢༠༢༡ ཟླ ༡༠ པའི་ཚེས་༣༡ ནས་ཟླ་༡༡ ཚེས་༡༢ བར། དབྱིན་ཡུལ་གྱི་གྲོང་ཁྱེར་གྷ་ལ་སི་ཀོ་དུ་ཁོར་ཡུག་ཚོགས་ཆེན་འཚོགས་པའི་གོང་དུ། བོད་ཀྱི་ཚབས་ཆེའི་གནམ་གཤིས་འགྱུར་ལྡོག་གི་ཆེད་གོ་རྟོགས་དང་དགོས་འདུན་བཏོན་པའི་ལས་འགུལ་སྤེལ་གནང་སོང་།

དེ་ཡང་ཚོགས་པ་བདུན་གྱི་བསྒྲགས་གཏམ་ནང་དུ། པཱེ་རི་སིའི་གྲོས་ཆོད་ནང་། སའི་གོ་ལའི་ཚ་དྲོད་ ༢°C དང་། བྱུང་ན། ༡.༥°C ལས་ལྷག་མི་བརྒལ་བའི་ཐག་གཅོད་བྱུང་ཡོད། ཡིན་ན་ཡང་། ནུབ་ཡུ་རོབ་དང་རྒྱ་ཁྱོན་མཚུངས་པའི་ཨི་ཤ་ཡའི་འབུར་དུ་ཐོན་པའི་སྙིང་ལྟ་བུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར ༤༠༠༠ དུ་ཆགས་པའི་བོད་ཀྱི་ཚ་དྲོད་ནི་དེ་དག་གི་ལྡབ་གཉིས་འཕར་གྱིན་ཡོད་པས། ཚབས་ཆེའི་འགྱུར་བ་དེར་བརྟེན་ནས། ཆར་ཆུ་བབ་ཚད་སོགས་ལ་འགྱུར་བ་ཆེན་པོ་ཕྱིན་སྟབས། གཏན་ཆགས་གངས་རིའི་འཁྱག་རོམ་ཐེར་འབུམ་༨ བཞུར་འགྲོ་བཞིན་ཡོད། དེའི་དབང་གིས་བོད ཀྱི་ཆུའི་འབྱུང་ཁུངས་ལ་བརྟེན་མཁན་འཛམ་གླིང་གི་མི་འབོར་ཐེར་འབུམ ༡.༥ ལྷག་ཙམ་ལ་ཆུའི་དཀའ་ངལ་འཕྲད་བཞིན་ཡོད།

དེར་བརྟེན་ཁོར་ཡུག་ཚོགས་ཆེན་དང་རྒྱ་ནག་ལ། ང་ཚོའི་དགོས་འདུན་ནི། འཛམ་གླིང་ཐོག་བོད་མཐོ་སྒང་གི་ཁོར་ཡུག་དེའི་གལ་གནད་ཚོགས་ཆེན་གྱིས་ངོས་འཛིན་བྱེད་དགོས་པ་མ་ཟད། འཛམ་གླིང་གི་ཁོར་ཡུག་སྐོར་གླེང་སློང་གི་སྙིང་པོར་འཇོག་དགོས། བོད་མི་དང་། ལྷག་པར་དུ་བོད་ཀྱི་འབྲོག་པ་ས་ཡ་གཉིས་ཙམ་ལ་འཚོ་གནས་རང་དབང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས་པ་དང་། རང་མོས་ཀྱི་ཐོག་ནས་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་རྩ་ཐང་སྟེང་དུ་འཚོ་བ་སྐྱེལ་ཐུབ་པ་དགོས་རྒྱུ། བོད་དང་བོད་ཀྱི་ཆུའི་འབྱུང་ཁུངས་ལ་བརྟེན་ནས་འཚོ་བའི་རྒྱལ་ཁབ་རྣམས་ཀྱིས་མཉམ་རུབ་ཐོག་ནས་གནམ་གཤིས་འགྱུར་ལྡོག་ལ་བརྟེན་པའི་ཚོད་འཛིན་དང་། ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཕུག་རྒྱང་རིང་པོའི་སྐྱོང་ཐབས་བྱེད་ཐུབ་པ་བྱ་དགོས་ཞེས་གསུངས་འདུག 

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བློ་བཟང་དབྱངས་མཚོ་ཡིས། སླེབས་ལ་ཉེ་བའི་དབྱིན་ཡུལ་གྱི་གྲོང་ཁྱེར་གྷེ་ལ་སི་ཀོ་ནང་རྒྱལ་ཁབ་ ༡༩༠ ལྷན་དུ་འཚུགས་རྒྱུའི་ཁོར་ཡུག་ཚོགས་ཆེན་ཐོག རྒྱལ་ཁབ་སོ་སོའི་ཁ་རླུང་སྦག་བཙོག་ཉུང་དུ་ཇི་ལྟར་གཏོང་རྒྱུའི་འཆར་གཞི་དང་། ༢༠༡༥ ལོའི་པཱེ་རི་སིའི་གྲོས་ཆོད་དུ་སའི་གོ་ལའི་ཚ་དྲོད་ ༡°C  ལས་མ་བརྒལ་བའི་ཐག་གཅོད་དེ་གང་འདྲ་བྱས་ཏེ་ལག་ལྟར་བྱ་རྒྱུའི་སྐོར་ལ་གྲོས་མོལ་བྱ་རྒྱུ་རེད། བོད་མི་རྣམས་ནས་རྒྱལ་སྤྱིའི་ཐོག་བོད་མཐོ་སྒང་དེ་ཡུན་རིང་སྲུང་སྐྱོབ་དང་གཅེས་སྐྱོང་གི་གལ་གནད་ཐབས་ལམ་རྣམས་གྲོལ་མོལ་གྱི་བརྗོད་གཞིར་ངེས་པར་ཚུད་ཐུབ་པ་བྱེད་དགོས། རྒྱ་ནག་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་ཐད་དམ་དྲག་ཤུགས་ཆེན་ཡོད་པར་བརྟེན། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གླེང་སློང་བྱེད་སྐབས་བོད་མི་རྣམས་ཀྱི་བསམ་ཚུལ་ཤོད་དབང་མེད་སྟབས། བསམ་ཚུལ་དེ་དག་སླེབས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེར་མ་ཟད། ཉམས་ཆག་འགྲོ་སླ་བའི་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་། ཆུའི་འབྱུང་ཁུངས། ཚད་ལས་བརྒལ་བའི་གཏོར་སྐྱོན་གྱི་རིགས་རྣམས་འཕྲལ་མར་མཚམས་འཇོག་བྱ་དགོས་ཞེས་གསུངས་སོང་།

བོད་ཀྱི་བུད་མེད་ཚོགས་པའི་དབང་མོ་ཡིས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་འདི་བོད་ཀྱི་གནད་དོན་ཙམ་མ་ཡིན་པར་རྒྱལ་སྤྱིའི་གནད་དོན་ཞིག་ཡིན། བྱས་ཙང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་དེར་མཉམ་ཞུགས་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱ་ནག་གིས་བོད་ཐོག་འཛིན་པའི་ཡར་རྒྱས་གཏོང་རྒྱུའི་སྲིད་བྱུས་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་ཆ་མ་བཞག་པའི་ཐོག་ནས་བྱུང་བ་ཞིག་རེད། རྒྱ་གཞུང་གིས་རང་ཉིད་ཀྱི་ནོར་འཁྲུལ་ལ་ཁས་ལེན་མ་བྱས་པ་དང་། འདས་པའི་ལོ་རྒྱུས་ནང་གསལ་བ་ལྟར། སྲིད་བྱུས་དེ་དག་དྲང་བདེན་མ་ཡིན་པ་མ་ཟད། བོད་མི་རྣམས་ཀྱི་དགོས་འདུན་དང་བསམ་ཚུལ་ལ་བརྩི་འཇོག་མ་བྱས་པར་བཙན་ཤེད་ཀྱི་ཐོག་ནས་ལག་བསྟར་བྱེད་ཀྱི་ཡོད་ཅེས་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།