བོད་ཀྱི་གནད་དོན་བོད་རྒྱ་གཉིས་ནས་བཤད་སྟངས་གོ་ལྡོག་ཡིན་སྐོར་གསུངས་སོང་།
ཟླ་འདིའི་ཚེས་༡༦ ཉིན་ཏེ་དྷ་ས་ནོར་གླིང་གི་ཉེ་འཁྲིས་སུ་འཚོག་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཉིན་གཉིས་པའི་ཐོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་པ་ཚེ་རྒྱམ་གྱིས་བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་སྲ་བན་དང་། དོན་ཕན་ལྡན་པའི་གྲོས་མོལ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཁོང་གིས་བོད་རྒྱ་འབྲེལ་མོལ་ག་རེ་བྱེད་དགོས་པ་དང་། ད་ལྟ་བར་དུ་འབྲེལ་ལམ་དང་གྲོས་མོལ་ག་འདྲ་བྱུང་ཡོད་མེད། མ་འོངས་པར་འབྲེལ་ལམ་སྲ་བརྟན་དང་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཐབས་བཅས་དོན་ཚན་གསུམ་དུ་དབྱེ་ནས་གཏམ་བཤད་གནང་སོང་།
ཟླ་འདིའི་ཚེས་༡༦ ཉིན་ཏེ་དྷ་ས་ནོར་གླིང་གི་ཉེ་འཁྲིས་སུ་འཚོག་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཉིན་གཉིས་པའི་ཐོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་པ་ཚེ་རྒྱམ་གྱིས་བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་སྲ་བན་དང་། དོན་ཕན་ལྡན་པའི་གྲོས་མོལ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཁོང་གིས་བོད་རྒྱ་འབྲེལ་མོལ་ག་རེ་བྱེད་དགོས་པ་དང་། ད་ལྟ་བར་དུ་འབྲེལ་ལམ་དང་གྲོས་མོལ་ག་འདྲ་བྱུང་ཡོད་མེད། མ་འོངས་པར་འབྲེལ་ལམ་སྲ་བརྟན་དང་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཐབས་བཅས་དོན་ཚན་གསུམ་དུ་དབྱེ་ནས་གཏམ་བཤད་གནང་སོང་།
ཁོང་གིས། “བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་དུ་འབྲེལ་ལམ་སྲ་བརྟན་དང་དོན་ཕན་ལྡན་པའི་གྲོས་མོལ་ག་རེ་བྱས་ནས་བྱེད་དགོས་རེད་ཟེར་ན། ང་ཚོ་དེ་རིང་ཨ་རི་དང་ཁེ་ན་ཏྲ་སོགས་རྒྱལ་ཁབ་གང་ནས་ཡོང་བ་ཡིན་ནའང་། ང་ཚོ་སོ་སོར་རྒྱལ་ཁབ་ཡོད་པའི་མི་རབས་ཤིག་མ་རེད། ང་ཚོ་ལུང་པ་མེད་པ། རྒྱལ་ཁབ་མེད་པ། སྐྱབས་བཅོལ་བ། ཚིག་སྡུག་ཆག་བཤད་ན་ཡུལ་གྱལ་བའི་ཚོ་ཁག་ཅིག་ཆགས་བསྡད་ཡོད་པ་རེད། ཡིན་ནའང་ང་ཚོར་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡོད་པ་དང་། བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་ཡོད་པའི་དགེ་མཚན་གྱིས། ང་ཚོའི་མ་འོངས་མདུན་ལམ་དང་། བོད་ཀྱི་དཀའ་རྙོག་སེལ་ཆེད་དེ་རིང་འདིར་ང་ཚོ་མཉམ་དུ་འཛོམས་ནས་བཀའ་མོལ་གནང་གི་ཡོད་རེད། ང་ཚོའི་དཀའ་ངལ་ག་རེ་རེད། ང་ཚོར་བོད་ཀྱི་གནད་དོན་ཞིག་ཡོད་རེད། བོད་ཀྱི་དཀའ་རྙོག་ཅིག་ཡོད་རེད། ང་ཚོར་བོད་ཀྱི་དཀའ་ངལ་ཟེར་བ་དང་བོད་ཀྱི་གནད་དོན་དེ་༡༩༤༩ ལོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་བོད་ལ་བཙན་འཛུལ་དང་དབང་བསྒྱུར་བྱས་ནས་བྱུང་རེད། སྤྱིར་བོད་ལ་དཀའ་ངལ་ཡོད་ཀྱི་རེད་དེ། བོད་ཀྱི་གནད་དོན་དང་དཀའ་ཉོག་ཟེར་བ། རྒྱ་ནག་ཁོ་རང་ཚོས་བཤད་པའི་བོད་ཀྱི་གནད་དོན་ཟེར་བ་དེ་༡༩༤༩ གོང་ལ་ཡོད་པ་མ་རེད། རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་ནས་ང་ཚོའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་དང་དེའི་སྐབས་ཀྱི་བོད་གཞུང་རང་ས་རང་ཡུལ་དུ་སྡོད་མ་ཐུབ་པར། རྒྱ་གར་ལུང་པར་ཡུལ་གྱལ་ནས་སྐྱབས་བཅོལ་དུ་གནས་དགོས་པ་དེ་བོད་ཀྱི་དཀའ་ངལ་དང་བོད་ཀྱི་གནད་དོན་རེད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཟེར་བ་༡༩༥༠ སྔོན་ལ་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱིས་བཟོས་པའི་ཐོན་རྫས་ཤིག་རེད། རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་རྗེས་བོད་ཀྱི་གནད་དོན་ཞིག་མེད་ཅེས་གོ་ལྡོག་ནས་བཤད་ཀྱི་ཡོད་རེད། ང་ཚོའི་ལངས་ཕྱོགས་འགལ་བ་རེད། ཡིན་ཡང་རྒྱ་ནག་གིས་བོད་ཀྱི་གནད་དོན་མེད་ཟེར་ཞོར་དུ་གནད་འགག་ཆེ་བའི་གཞུང་འབྲེལ་གཏམ་བཤད་དང་། གསར་འགོད་ལྷན་ཚོགས་ཀྱི་སྐབས། བོད་ཀྱི་གནད་དོན་ཡོད་པ་མ་ཟད། བོད་ཀྱི་གནད་དོན་རྒྱ་ནག་གི་རྩ་བའི་ཁེ་ཕན་རིང་བཞིན་ལྡན་པའི་གནད་དོན་ཡིན་ཟེར་གྱི་ཡོད། ལྷོ་རྒྱ་ནག་རྒྱ་མཚོ་དང་། ཐའེ་ཝན། བོད་ཀྱི་གནད་དོན་སོགས་ཁ་ཤས་བརྩི་ཡོད་པ་རེད། དོན་གྱིས་བོད་ཀྱི་གནད་དོན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་རེད། གཅིག་དགུ་བརྒྱད་ཅུ་ནང་ནས་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་མང་པོ་འཚོགས་ཡོད་པ་རེད། རྒྱ་ནག་འོག་ཏུ་མི་རིགས་༥༥ དང་རྒྱ་རིགས་བརྩིས་པའི་༥༦ ཡོད་རེད། དེའི་ནང་སུ་གང་ལ་མི་རིགས་ཤིག་གི་ལས་དོན་སྐོར་ལ་ཚོགས་འདུ་འཚོགས་མྱོང་ཡོད་པ་མ་རེད་”ཅེས་གསུངས་སོང་།
རྔ་པ་ཚེ་རྒྱམ་གྱིས་ད་སྔ་བར་བོད་རྒྱ་གྲོས་མོལ་སྐོར་གསུང་དོན། “༧རྒྱལ་བ་རིན་པོ་ཆེས་གསུམ་བཅུའི་དུས་དྲན་སྐབས། ང་རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་དུ་འགྲོ་ཡི་འདུག ཡིན་ཡང་རྒྱ་ནག་མི་མང་ལ་ཡིད་ཆེས་ནམ་ཡང་བརླགས་མེད་གསུངས་ཡོད་པ་དེས། གསལ་པོ་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། ང་ཚོས་རྒྱ་ནག་གཞུང་མཉམ་དུ་སྐད་ཆ་བཤད་རྒྱུ་དང་། རྒྱ་ནག་མི་མང་མཉམ་དུ་སྐད་ཆ་བཤད་རྒྱུའི་རིམ་པ་གཉིས་ཡོད་པ་ཧ་ཅང་གསལ་པོ་རེད། ཡིན་ཡང་རྒྱ་ནག་གཞུང་མཉམ་དུ་སྐད་ཆ་བཤད་རྒྱུ་ང་ཚོས་ག་ཚོད་འབད་བརྩོན་བྱས་ཀྱང་། རྒྱ་ནག་གཞུང་ལ་འདོད་པ་མེད་ན་སྐད་ཆ་བཤད་ཐུབ་ཀྱི་མ་རེད། རྒྱ་ནག་མི་མང་མཉམ་དུ་སྐད་ཆ་བཤད་རྒྱུར་ང་ཚོར་གོ་སྐབས་མང་པོ་ཡོད་རེད། ལྷག་པར་དུ་ཕྱི་རྒྱལ་ཁག་ནས་ཕེབས་པའི་ན་གཞོན་ཁྱེད་རང་ཚོ་ཡིན་ན། ཨ་རི་དང་ཁེ་ན་ཏྲ། ཨོ་སི་ཁྲི་ལེ་ཡ། ཡུ་རོབ་ཁག་གི་སློབ་གྲྭ་ནང་རྒྱ་རིགས་མང་པོ་རེད། དེ་ཚོ་མཉམ་དུ་སྐད་ཆ་བཤད་པ་དང་འབྲེལ་བ་བྱེད་པ་གྲོས་མོལ་རེད། ང་ཚོས་༡༩༧༩ ལོར་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་ཇུས་བཏོན་ནས། ༡༩༨༩ ལོ་ནས་རྒྱ་ནག་མི་མང་མཉམ་དུ་སྐད་ཆ་བཤད་རྒྱུ་ཤུགས་ཆེན་པོ་བྱུང་རེད། དེ་ལ་བརྟེན་ནས་དཔེ་མཚོན་བཞག་ན། ༢༠༠༨ ལོར་བོད་ས་ཡོངས་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་པོ་བྱུང་སྐབས། ང་ཚོར་རྒྱ་མིའི་རྒྱབ་སྐྱོར་དགོས་རེད། ཕྱི་ཟླ་༣ པའི་ཚེས་༡༠ ལ་ལྷ་ས་ནས་ཞི་རྒོལ་དང་། ༡༤ ལ་དྲག་གནོན་བྱུང་རེད། ༡༥ ལ་བླ་བྲང་ལ་དྲག་གནོན། ༡༧ ལ་ཨ་མདོ་རྔ་པ་ནས་མི་༢༣ བསད་རེད། ༡༦ དང་༡༧ ནས་དཀར་མཛེས་རྟའུ་ནས་ཁམས་ཕྱོགས་ལ་མི་གསོད་ཁྲག་སྦྱོར་གྱི་གནས་སྟངས་བྱུང་རེད། དེའི་སྐབས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལུའུ་ཞའོ་པའོ་དང་། རྩོམ་པ་པོ་ཝང་ལེ་ཤོང་། མཁས་པ་ཀྲང་ཙི་ཝ་གསུམ་གྱིས་མགོ་ཁྲིད་ནས་དོན་ཚན་༡༢ ཅན་གྱི་བསམ་ཚུལ་བཏོན་རེད། དེའི་ནང་གི་དོན་ཚན་གཅིག་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རྒྱ་རིགས་ལ་བཀའ་སློབ་གནང་རྒྱུའི་དགོངས་དོན་ལ་རྒྱབ་སྐྱོར་ཡོད། ༧རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་མེད་པས། ༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་སྒྲིག་འཛུགས་མཉམ་དུ་གྲོས་མོལ་དགོས་ཀྱི་འདུག་ཅེས་བཤད་ནས་ཉིན་བརྒྱད་རིང་མི་སུམ་བརྒྱ་ལྷག་གི་ས་ཡིག་བརྒྱབ་རེད། མང་ཆེ་བ་རྒྱ་ནག་གི་མཁས་པ་དང་ཁྲིམས་རྩོད་པ། སློབ་མ་སོགས་རེད་”ཅེས་དང་། དེ་རྗེས་དབུ་མའི་ལམ་ལ་རྩོམ་པ་པོ་དང་ཁྲིམས་རྩོད་པ་མང་པོས་རྒྱབ་སྐྱོར་ཐོབ་པ་དེ་རྒྱ་ནག་མི་མང་མཉམ་དུ་འབྲེལ་བ་བྱས་པའི་གྲུབ་འབྲས་དེ་ཚོ་བླ་ན་མེད་པ་ཡིན་སྐོར་དང་། སྐུ་ཚབ་མཉམ་དུ་གྲོས་མོལ་བྱས་པ་ཡིས་དཀའ་ངལ་སེལ་ཐུབ་མེད་ནའང་གྲུབ་འབྲས་ཕན་ཐོགས་བྱུང་ཡོད་སྐོར་གསུངས་སོང་།
རྔ་པ་ཚེ་རྒྱམ་གྱིས་མུ་མཐུད་གྲོས་མོལ་ལ་གྲུབ་འབྲས་མ་བྱུང་བའི་རྒྱུ་མཚན་སྐོར་གསུང་དོན། “སྐུ་ཚབ་ཚོགས་པས་རིམ་པ་བཤད་ནས་འབྲས་བུ་མང་པོ་ཐོན་ཡོད་རེད། མི་མང་པོས་འབྲས་བུ་ཡོད་མ་རེད་ཟེར་བ་ཁག་ཡོད་མ་རེད། དཀའ་ངལ་སེལ་ཡོད་པ་མ་རེད། དཀའ་ངལ་མི་སེལ་བ་གཅིག་ནས་རྒྱ་ནག་གི་དཔོན་རིགས་ཚོས་མཁྲེགས་འཛིན་བྱས་ནས་ཅིག་བྱས་ན་བོད་ཀྱི་གནད་དོན་སེལ་འདོད་ཡོད་པ་མ་རེད། ཅིག་བྱས་ན་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེ་ལ་ཚད་བཙུགས་ནས་༧རྒྱལ་བ་རིན་པོ་དགོངས་པ་རྫོགས་ན། རང་བཞིན་གྱིས་བོད་ཀྱི་གནད་དོན་ཡལ་འགྲོ་ཡི་རེད་བསམ་པ། གཅིག་ཏེ་ཁེ་ཕན་ཚོགས་པ་རེད། རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་མེད་ཅེས་གསུངས་པ་འཛམ་གླིང་གིས་ཤེས་ཀྱི་ཡོད་རེད་དེ། ཁ་བྲལ་བ་རེད། རང་གཙན་པ་རེད་ཅེས་བོད་ནང་རྡུང་རྡེག་དྲག་གནོན་གཏོང་གི་ཡོད་རེད། དེའི་ཆེད་དུ་འགྲོ་སོང་ཕོན་ཆེན་གཏོང་གི་ཡོད་པ་བེད་སྤྱོད་གཏོང་མཁན་ལ་ཁེ་བཟང་ཚོགས་པ་ཟེར་གྱི་ཡོད་རེད། ཕལ་ཆེར་མི་ས་ཡ་གཉིས་འདུག་ཟེར་གྱི་ཡོད་པ་རེད། དེ་ཚོར་བོད་ཀྱི་གནད་དོན་སེལ་འདོད་ཡོད་མ་རེད། དེར་བརྟེན་བོད་ཀྱི་གནད་དོན་སེལ་མ་ཐུབ་པའི་རྒྱུ་རྐྱེན་གཅིག་རྒྱ་ནག་གཞུང་ལ་ཐུག་ཡོད་རེད། རྒྱུ་རྐྱེན་གཅིག་ང་ཚོར་ཡང་ཐུག་ཡོད་རེད། ད་སྔ་བར་དུ་སྐུ་ཚབ་ཚོགས་པ་ཐེངས་བཅུ་སོང་ནས་གྲོས་མོལ་མུ་མཐུད་ཡར་རྒྱས་འགྲོ་མ་ཐུབ་པ་དེ། ང་ཚོས་དམ་བཅའ་གཉིས་བཟུང་ཡོད་རེད། དེ་གློད་ཡོད་མ་རེད། རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གིས་ཆ་ཤས་ཡིན་པ་ཁས་ལེན་དགོས་ཟེར་གྱི་ཡོད་རེད། ང་ཚོས་དམ་བཅའ་དེ་ནམ་ཡང་ཁས་ལེན་གྱི་ཡོད་མ་རེད། ༧རྒྱལ་བ་རིན་པོ་ཆེས་ལོ་རྒྱུས་ངས་བཟོ་བཅོས་རྒྱག་ཐུབ་ཀྱི་མ་རེད་ལ། བརྒྱབ་ནས་ཕན་ཐོགས་ཀྱང་ཡོང་གི་མ་རེད་གསུངས་རེད། གཉིས་པ་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གཅིག་གྱུར་དགོས་ཀྱི་ཡོད། ཆོལ་ཁ་གསུམ་ཟེར་ན་བོད་རིགས་ཡོངས་ཟེར་ན་དོན་དག་གཅིག་པ་རེད། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་མིང་དོན་མཚུངས་པའི་རང་སྐྱོང་གི་དམ་ཅ་ང་ཚོས་གློད་ཡོད་པ་མ་རེད། དེ་ཡིན་ཙང་རྒྱ་མིས་ཁྱེད་རང་ཚོས་བོད་ཆེན་པོ་བཤད་ཀྱི་འདུག རྣམ་པ་འགྱུར་བའི་རང་བཙན་རེད། མི་མངོན་པའི་རང་བཙན་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད། གྲོས་མོལ་ལ་འབྲས་བུ་མ་བྱུང་བ་གཙོ་བོར་དེ་ཚོར་ཐུག་ཡོད་རེད་”ཅེས་གསུངས་སོང་།
ཁོང་གིས་མ་འོངས་པར་ག་རེ་བྱེད་དགོས་མིན་སྐོར་གསུང་སྐབས། དང་པོ་ང་ཚོས་རྒྱ་ནག་གི་གནས་སྟངས་གསལ་པོ་ཤེས་དགོས་པ་དང་མཉམ་དུ་ང་རང་ཚོའི་གནས་སྟངས་ཤེས་དགོས་པ། གཉིས་པ་ང་ཚོའི་བོད་མིའི་འཐབ་རྩོད་ཀྱི་ནུས་པ་མ་ཉམས་པ་དང་། ད་ལྟ་ཡོད་པའི་སྟོབས་ཤུགས་ཡར་རྒྱས་དགོས་པ། ནུས་པ་མཉམ་སྤུངས་དང་ཆིག་སྒྲིལ་ནུས་པ་མ་ཉམས་པ་བྱེད་དགོས་པ། གསུམ་པ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དགོས་པ། བཞི་པ་རྒྱ་ནག་ལ་བོད་ཀྱི་དཀའ་ངལ་སེལ་དགོས་པ་ཛ་དྲག་ཡིན་པ་ཤེས་འཇུག་དགོས་པ། ལྔ་པ་རྒྱ་ནག་མི་མང་དང་འབྲེལ་བ་ཉར་དགོས་པ་བཅས་ཡིན་སྐོར་དང་༧རྒྱལ་བ་རིན་པོ་ཆེའི་ལམ་སྟོན་ཡོད་པས། ཡག་པོ་ཡོང་རྒྱུ་ཡིན་སྐོར་དང་། ལོ་ལྔའི་རིང་མ་བྱུང་ཡང་ལོ་ལྔ་བཅུའི་རིང་གྲ་སྒྲིག་དགོས་སྐོར་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།