བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་པེ་ཅིང་ལ་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་སོང་།
ཟླ་འདིའི་ཚེས་༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་བསྟུན། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་འགྲན་ཚོགས་དེར་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བ་དང་། དེ་བཞིན་མེག་གྷན་དུ་ཁ་བ་འབབ་ནས་གནམ་གཤིས་གྲང་མོའི་ཁྲོད་དུ་ཚོགས་པ་ལྔས་སྐུ་ཚབ་ཚོས་ཞོགས་པའི་ཆུ་ཚོད་༡༠ ནས་དགོང་མོའི་ཆུ་ཚོད་༨ པ་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་སོང་།
ཟླ་འདིའི་ཚེས་༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་བསྟུན། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་འགྲན་ཚོགས་དེར་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བ་དང་། དེ་བཞིན་མེག་གྷན་དུ་ཁ་བ་འབབ་ནས་གནམ་གཤིས་གྲང་མོའི་ཁྲོད་དུ་ཚོགས་པ་ལྔས་སྐུ་ཚབ་ཚོས་ཞོགས་པའི་ཆུ་ཚོད་༡༠ ནས་དགོང་མོའི་ཆུ་ཚོད་༨ པ་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་སོང་།
ཚོགས་པ་ལྔས། “ང་ཚོའི་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་གི་དོན་དུ་ཟས་བཅད་ངོ་རྒོལ་གྱི་ཐོག་ནས་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་རྩེད་འགྲན་ཚོགས་རྒྱུར་སྔོན་འགྲོའི་ཆ་རྐྱེན་དང་ཐོབ་ཐང་གཏན་ནས་མེད་པས་ངོ་རྒོལ་ཡང་བྱེད་བཞིན་ཡོད་”ཅེས་གསུངས་སོང་།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐོང་འཚོགས་བྱེད་བཞིན་པ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་ཁ་གཏད་ཚད་ལྡན་ཞིག་གཅོག་མ་ཐུབ་པའི་རྟགས་གསལ་པོ་ཞིག་ཕྱི་རུ་མངོན་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། རྩེད་འགྲན་དེ་པེ་ཅིང་དུ་འཚོགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་གི་རྒྱལ་ཁབ་དང་སྲིད་གཞུང་ཁག་ནས་ཀྱང་རང་གི་འོས་འགན་གཙང་སྒྲུབ་མ་ཐུབ་པའི་ལས་འཛོལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་ཆ་དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འདས་པའི་ལོ་རྒྱུས་དང་སྲིད་ཇུས་ལ་བསྐྱར་ཞིབ་བྱས་ཏེ་དམངས་གཙོ་སྲུང་སྐྱོབ་དང་། སླར་ཡང་དར་སྤེལ་ཞུ་ཆེད་རྒྱ་ནག་ལ་བཟུང་བའི་འཛེམ་ཟོན་དང་བཅས་པའི་སྲིད་ཇུས་དེ་དག་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་དགོས་པའི་དུས་ལ་བབ་ཡོད་སྐོར་བརྗོད་འདུག
ཚོགས་པ་ལྔའི་བསྒྲགས་གཏམ་ནང་དུ། “རྒྱ་ནག་གཞུང་གིས་ཐོག་མར་བོད་དུ་བཙན་འཛུལ་བྱས་པ་དང་། བར་དུ་བཙན་གནོན་བྱས་པ། མཐའ་མ་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་ལེན་བྱས་དང་བྱེད་མུས་ཡིན་པ་དང་། བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་གིས་མཚོན་པའི་རིག་གཞུང་། འཁོར་ཡུག་དང་བཅས་པར་ཉམས་ཆགས་སོགས་གནས་སྟངས་ཉིན་རེ་ལས་མ་བསྡད་པར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་ཀྱི་དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐོང་འཚོགས་བྱེད་བཞིན་པ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་ཁ་གཏད་ཚད་ལྡན་ཞིག་གཅོག་མ་ཐུབ་པའི་རྟགས་གསལ་པོ་ཞིག་ཕྱི་རུ་མངོན་པར་ངོས་འཛིན་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་ཙམ་མ་ཟད། རྒྱ་གཞུང་གི་བཙན་བཟུང་འོག་ཡོད་པའི་མི་རིགས་གཞན་དག་ལའང་བཙན་གནོན་གྱི་སྲིད་ཇུས་གཅིག་མཚུངས་ལག་བསྟར་བྱེད་ཀྱི་ཡོད་ལ། ཐ་ན་རྒྱ་མི་རིགས་ནང་ཁུལ་ལའང་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ཞིག་གཏན་ནས་མེད་ཅིང་། འཛམ་གླིང་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་རྒྱ་ནག་མི་དམངས་དུང་ཕྱུར་༡༤ ཙམ་ད་ལྟ་རྒྱ་ནག་དམར་ཤོག་གི་དམ་དྲག་ཆེ་བའི་དབང་བསྒྱུར་འོག་གནས་ཡོད། ཡ་ང་བའི་གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་དང་། ད་ཐེངས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་པེ་ཅིང་དུ་སྐོང་འཚོགས་བྱེད་པ་དེ་ནི། འོས་འཚམས་ཤིག་གཏན་ནས་མིན་སྟབས་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། རྩེད་འགྲན་དེ་པེ་ཅིང་དུ་འཚོགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་གི་རྒྱལ་ཁབ་དང་སྲིད་གཞུང་ཁག་ནས་ཀྱང་རང་གི་འོས་འགན་གཙང་སྒྲུབ་མ་ཐུབ་པའི་ལས་འཛོལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་”ཅེས་འཁོད་འདུག
བསྒྲགས་གཏམ་དེའི་ནང་རྒྱ་ནག་གི་དབང་བསྒྱུར་སྲིད་ཇུས་སྐོར་འཁོད་དོན། “རྒྱ་ནག་གཞུང་གི་དམར་ཤོག་རྒྱ་སྐྱེད་རིང་ལུགས་པའི་ཉེན་ཁ་དང་འཇིགས་སྣང་དེ། ད་ཆ་རྒྱ་ནག་གི་རྒྱལ་ཁོངས་ལས་བརྒལ་ཏེ་འཛམ་གླིང་ས་གནས་གང་སར་ཁྱབ་འཕེལ་འགྲོ་བཞིན་ཡོད། ལོ་རྒྱུས་ཀྱི་དེབ་ཐེར་ནང་གཏན་ནས་མཐོང་རྒྱུ་མེད་པའི་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཟེར་བ། ཐའེ་ཝན་ལ་དམག་འཐབ་དྲག་རྒོལ་གྱི་ཉེན་ཁ་སོགས། ཉེན་ཁའི་གནད་དོན་དེ་དག་ལ་བསམ་ཞིབ་བྱེད་དུས། ང་ཚོའི་མདུན་དུ་རྒྱ་ནག་དམར་ཤོག་གིས་སྐྲུན་པའི་འཇིགས་སྣང་དང་ཉེན་ཁ་ནི་དེ་བས་ཀྱང་ཆེན་པོ་ཡིན་པ་གསལ་པོར་མཐོང་ཐུབ། ཡིད་སྐྱོ་བ་ཞིག་ལ་ཨ་རིས་སྣེ་འཁྲིད་བྱས་པའི་དམངས་གཙོའི་རྒྱལ་ཁབ་དེ་ཚོས་ཀྱང་རྒྱ་ནག་དང་ཚོང་འབྲེལ་གསར་འཛུགས་བྱས་ཏེ་དམངས་གཙོར་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཤིག་གསོ་སྐྱོང་བྱས་ཡོད། རྒྱ་ནག་གཞུང་གིས་ཀྱང་ཁོ་ཚོའི་དཔལ་འབྱོར་གྱི་གནས་བབ་དེ་དག་བེད་སྤྱོད་བྱས་ཏེ་འཛམ་གླིང་ས་གནས་གང་སར་ཁོ་ཚོའི་ཤུགས་རྐྱེན་དང་ནུས་པ་སྤེལ་གང་ཐུབ་བྱེད་བཞིན་ཡོད། ད་ཆ་དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འདས་པའི་ལོ་རྒྱུས་དང་སྲིད་ཇུས་ལ་བསྐྱར་ཞིབ་བྱས་ཏེ་དམངས་གཙོ་སྲུང་སྐྱོབ་དང་། སླར་ཡང་དར་སྤེལ་ཞུ་ཆེད་རྒྱ་ནག་ལ་བཟུང་བའི་འཛེམ་ཟོན་དང་བཅས་པའི་སྲིད་ཇུས་དེ་དག་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་དགོས་པའི་དུས་ལ་བབ་ཡོད་པ་དང་། རྒྱ་ནག་མུ་མཐུད་ནས་རྒྱ་ཡན་དུ་བཏང་ཚེ་འཛམ་གླིང་འདི་དམངས་གཙོ་ནས་དམར་ཤོག་གི་ཕྱོགས་སུ་ཕྱིར་བཤོལ་བྱེད་པའི་ཉེན་ཁར་སླེབས་ཟིན་ཡོད་”ཅེས་འཁོད་འདུག
རྒྱ་ནག་གིས་བོད་ལ་དབང་བསྒྱུར་སྐོར་འཁོད་དོན། “རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་ད་བར་མི་ལོ་བདུན་ཅུ་ལྷག་ཙམ་གྱི་དུས་ཡུན་དེའི་རིང་། བོད་མི་ཚོས་སོ་སོའི་ཐོབ་ཐང་དང་རང་དབང་གི་དོན་དུ་འཐབ་རྩོད་བྱེད་མཚམས་གཏན་ནས་བཞག་མྱོང་མེད་པ་མ་ཟད། དེ་རིང་ངེད་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་ངོས་ནས་ཀྱང་ང་ཚོའི་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་གི་དོན་དུ་ཟས་བཅད་ངོ་རྒོལ་གྱི་ཐོག་ནས་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་རྩེད་འགྲན་ཚོགས་པའི་སྔོན་འགྲོའི་ཆ་རྐྱེན་དང་ཐོབ་ཐང་གཏན་ནས་མེད་ཅེས་ངོ་རྒོལ་ཡང་བྱེད་བཞིན་ཡོད། དེ་རིང་འཛམ་གླིང་གི་ས་གནས་གང་སར་ང་ཚོ་དང་འདྲ་བར་རྒྱ་ནག་གི་བཙན་གནོན་དང་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་པེ་ཅིང་དུ་ཨོ་རྩལ་འགྲན་ཚོགས་འཚོགས་པ་ནས་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་ ༡༦༧ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་དམར་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་ཅིང་། བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་འདི་ལྟ་བུ་མིའི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག ཆེས་མཐོང་དཀའ་བའི་འཐབ་རྩོད་གཅིག་ཆགས་ཡོད་ལ། ང་ཚོས་མི་རབས་ནས་མི་རབས་བར་མུ་མཐུད་དེ་རྒྱུན་སྐྱོང་བྱ་རྒྱུའི་དམ་བཅའ་ཞིག་ཀྱང་ཆགས་ཀྱི་ཡོད། བོད་ནང་གི་གནས་སྟངས་ནི་ལོ་རེ་ལས་མ་བསྡད་པར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་ཐོབ་ཐང་ལྟ་ཅི། རྒྱ་ནག་དམར་གཞུང་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཐོག་གི་ཐོབ་ཐང་དང་མི་རིགས་རང་སྐྱོང་ཟེར་བ་དེ་ཚོ། ད་ཆ་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་ཅིང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམར་གཞུང་གིས་བཙན་གནོན་དང་དམ་དྲག་གི་འོག ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་གྱི་ཁྲོད་དུ་གནས་ཡོད་པ་དང་། ལྷག་པར་དུ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་མང་དག་ཅིག་འཇུ་བཟུང་བྱེད་པ་དང་། གར་སོང་ཆ་མེད་དུ་འགྱུར་ བའི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། དཔེར་ན། ཉེ་ལམ་ཁམས་བྲག་འགོར་ཐུབ་པའི་སྐུ་བརྙན་གཏོར་བ་དང་། རྩོམ་པ་པོ་སྙན་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོར་མི་ལོ་བཅུ་ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་དག་ནི་དཔེ་མཚོན་གསལ་ཤོས་ཤིག་ཆགས་ཡོད་སྟབས། ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་ཡོང་ཆེད་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ནན་ཏན་ཞུ་བཞིན་ཡོད་”ཅེས་འཁོད་འདུག
དེ་རིང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་ཆེད་བོད་དང་ཧོང་ཀོང་། ཡུ་གུར་སོགས་ཀྱི་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།