བོད་ཀྱི་གཞོན་ནུ་ཚོགས་པས་རྒྱ་ནག་དམར་ཤོག་ཚོཌ་པ་དབུ་བརྙེས་པའི་ཉིན་མོ་ཟེར་བ་དང་བསྟུན་ནས་ལྡི་ལིར་ལས་འགུལ་སྤེལ།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་ཟེར་བ་ཡིན་འདུག་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཡང་ཉིན་འདི་དང་བསྟུན་ནས་མཇུག་བསྒྲིལ་འདུག

པར། བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༡ ་ཉིན་རྒྱ་གཞུང་གིས་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་སྲུང་བརྩི་ཟེར་བ་ཞུ་བཞིན་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླང་ལས་འགུལ་བ་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ལ།

གཞན་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡེ་ར་རྡུན་ནས་ལྡི་ལི་བར་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དེ། ཕྱི་ཟླ་༩ ་ཚེས་༣༠ ་ཉིན་གྱི་ཕྱི་དྲོར་ལྡི་ལི་བསམ་ཡས་གླིང་དུ་འབྱོར་ཞིང་། དེར་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཞིག་ཚོགས་ནས་ལས་འགུལ་མཇུག་ལེགས་པར་གྲུབ་འདུག་ལ། རྐང་འཁོར་སྐོར་སྐྱོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨྰ་ཅྰརྱ་ཡེ་ཤེས་ཕུན་ཚོགས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་མ་དྷན་ལ(Madan Lal)། འཕགས་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་པན་ཀྰཇ་གྷོ་ཡལ་(Pankaj Goyal) སོགས་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག

ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་དོན་ནི། གཞོན་ནུ་ལྷན་ཚོགས་ཀྱིས་དགྲ་བོ་རྒྱ་དམར་གཞུང་གིས་བོད་ནང་རིག་གཞུང་རྩ་མེད་གཏོང་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་མི་སྤྱོད་ལས་འདས་པའི་རྒྱ་གཞུང་གི་བྱ་སྤྱོད་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་དགོས་འདུན་དོན་ཚན་གསུམ་གྱི་ཐོག རྒྱ་གཞུང་ལ་ངོ་རྒོལ་གྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དེ་ཕྱི་ཟླ་༩ ་ཚེས་༢༤ ་ཉིན་ནས་རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་བདེ་སྐྱིད་གླིང་ནས་འགོ་འཛུགས་གནང་ཡོད་པ་རེད།

ཐེངས་འདིའི་ལས་འགུལ་ནང་མི་གྲངས་༥༤ མཉམ་ཞུགས་བྱས་ཡོད་འདུག་ལ་འདས་པའི་བདུན་ཕྲག་གཅིག་ཙམ་གྱི་རིང་། རྐང་འཁོར་སྐོར་སྐྱོད་པ་ཚོས་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏར་ཁྣཊ་དང་།   ཧི་མ་ཅལ།   པན་ཇབ།    ཧར་ཡ་ན་བཅས་མངའ་སྡེ་བཞིའི་ནང་ཡིག་ཆ་འགྲེམས་སྤེལ་དང་གསར་འགོད་པར་ལན་འདེབས་སོགས་ཀྱི་བོད་དོན་དྲིལ་བསྒྲགས་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།