བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཚོང་ཟོག་མེ་སྐྱོན་བྱུང་ཡུལ་དུ་བཅར་ནས་ཞལ་འདེབས་གནང་འདུག
ཟླ་༡ པོའི་ཚེས་༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༣ པ་ཙམ་ལ་བོད་མིའི་ཁྱིམ་ཚང་༡༠ ཡི་སུད་ཚོང་ཁྲོམ་སར་མེ་སྐྱོན་བྱུང་ནས། ཚོང་པ་རྣམས་ལ་གྱོང་གུད་ཆེན་པོ་བྱུང་ཡོད་པ་ལྟར། ཚེས་༢༢ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ས་གནས་སུ་བཅར་ནས་ཚོང་པ་རྣམས་ལ་སེམས་གསོ་དང་འཕྲལ་སེལ་ཞལ་འདེབས་གནང་བ་མ་ཟད། གཞོན་ལྷན་ཁྱབ་ཁོངས་ས་གནས་ཁག་ནས་ཞལ་འདེབས་བསྡུ་རུབ་ཀྱི་ལས་དོན་སྤེལ་རྒྱུ་ཡིན་སྐོར་གསུངས་འདུག
དེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་མངའ་སྡེ་ཧར་ཡ་ནའི་གྲོང་ཁྱེར་ཨམ་བྷ་ལར་རིགས་རུས་གཅིག་པའི་བོད་མིའི་སུད་ཚོང་ཁྲོམ་སར་མེ་སྐྱོན་བྱུང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་ཀྱིས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་དང་། གཞོན་ལྷན་བོད་ཡིག་ཉམས་ཞིབ་པ་ངག་དབང་ཡར་འཕེལ་ལགས་རྣམ་གཉིས་ས་གནས་ས་ཐོག་ཏུ་ཆེད་བཅར་གྱིས། གཞོན་ལྷན་གྱི་འཕྲལ་སེལ་ཞལ་འདེབས་ཧིན་སྒོར་འབུམ་གཅིག ༡,༠༠,༠༠༠། ཕུལ་ཡོད་པ་དང་། དོ་དག་ཚོང་གཉེར་བ་རྣམས་ལ་སེམས་གསོ་དང་བཅས། གཞོན་ལྷན་ཁྱབ་ཁོངས་ས་གནས་རྣམས་ནས་ཞལ་འདེབས་བསྡུ་རུབ་ཀྱིས་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་པས་རང་རེའི་བོད་རིགས་སྤུན་ཟླ་རྣམས་ནས་ཀྱང་རྒྱབ་སྐྱོར་རོགས་རམ་གང་ལེགས་གནང་སྐྱོང་ཡོང་བ་ཞུ་ཞེས་བཀོད་འདུག
དུས་རྒྱུན་དགུན་ཚོང་ཕྱི་ཟླ་ ༡༠ པ་ནས་འགོ་བཙུགས་ཀྱི་ཡོད་ཀྱང་འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ཕྱིར་འགྱངས་བྱས་ཡོད་པ་དང་། ཨམ་བྷ་ལ་སུད་ཚོང་བས་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༧ ནས་ཚོང་འགོ་བཙུགས་ཡོད་འདུག མེ་སྐྱོན་བྱུང་ཡུལ་གྱི་ཨམ་བྷ་ལའི་ས་ཁུལ་དེར་སུད་ཚོང་མི་ཚང་ ༢༡ ཡོད་ཀྱང་ད་ཡོད་ཀྱི་མི་ཚང་ ༡༠ ཡི་ཚོང་ཟོག་ལ་མེ་སྐྱོན་བྱུང་ཡོད་འདུག
ཕྱི་ལོ་༢༠༡༦ ལོའི་ཟླ་༡༡ པའི་ཚེས་༨ ཉིན་ལྡི་ལིའི་ས་གནས་ལལ་ཀི་ལིར་ཡོད་པའི་ཀ་པུ་ཏར་བོད་མིའི་སུད་ཚོང་ཁྲོམ་རར་མེ་ཤོར་ནས། ཁྲོམ་ས་༡༤༠ ལྷག་ཡོད་པ་ཆ་ཚང་མེས་ཚིགས་ནས། གྱོང་གུན་ཧིན་སྒོར་ས་ཡ་༡༢༠ ཕོགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།