བོད་ཀྱི་གསོ་བ་རིག་པ་ཞེས་ཡོངས་གྲགས་ཡིན་པས་དེ་ལ་བོད་སྨན་འབོད་དགོས་སྐོར་གསུངས་སོང་།

༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་ནས་ལོ་༡༠༣ འཁོར་བ་དང་། བྱེས་སུ་༧གོང་ས་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་ལོ་༥༨འཁོར་བའི་དུས་དྲན་མཛད་སྒོ་ཞིག་རྡ་སའི་བོད་ཀྱི་སྨན་རྩིས་ཁང་དུ་འཚོགས་སོང་།

༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་ནས་ལོ་༡༠༣ འཁོར་བ་དང་། བྱེས་སུ་༧གོང་ས་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་ལོ་༥༨འཁོར་བའི་དུས་དྲན་མཛད་སྒོ་ཞིག་རྡ་སའི་བོད་ཀྱི་སྨན་རྩིས་ཁང་དུ་འཚོགས་སོང་།

ཕྱི་ལོ་༢༠༡༩་ཟླ་༣ ཚེས་༢༩ ཉིན་གྱི་སྔ་དྲོ་ལྷ་སའི་སྨན་རྩིས་གསར་འཛུགས་གནང་ནས་ལོ་༡༠༣ འཁོར་བ་དང་རྡ་སའི་སྨན་རྩིས་ཁང་གསར་འཛུགས་གནང་ནས་ལོ་༥༨ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་། དམིགས་བསལ་སྐུ་མགྲོན་ཀང་ར་རྫོང་གི་སྨན་པ་གཙོ་བོ་Dr.Gurdarshan Gupta གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་འགའ་དང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས། དེ་བཞིན་སྐུ་བཅར་སྨན་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྒྱུན་ལས། རྒྱ་གར་དང་ཕྱི་རྒྱལ་བ་ཁག་ཅིག་མཉམ་ཞུགས་བྱས་ཡོད་པ་རེད།
མཛད་སྒོའི་ཐོག་སྨན་རྩིས་ཁང་གི་འགན་འཛིན་གྱིས་སྨན་རྩིས་ཁང་གི་ལས་འགན་གལ་ཆེ་ཤོས་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་ཞབས་ཞུ་ལས་ལྷག་མེད་པ་དང་། སྨན་པ་རྣམས་ནས་རྒྱུད་གཞུང་མན་ངག་དང་མཐུན་པའི་གསོལ་སྨན་དང་དགུང་ཀེག་ཀེག་རྩིས་རིགས་ཀྱང་འཚེམས་ལུས་མེད་པར་འབུལ་ལམ་ཞུ་བཞིན་ཡོད་སྐོར། གཞན་ཡང་སྨན་པ་དང་སྐར་རྩིས་ཙམ་མིན་པར་སྡེ་ཚན་མང་པོའི་ལས་བྱེད་པས་དགའ་ལྡན་ཕོ་བྲང་གི་ཕྱག་ལས་ཐོག་རམ་འདེགས་ཞུ་རྒྱུའི་གོ་སྐབས་མང་པོ་ཐོབ་པའི་སྐོར་སོགས་གསུངས་ཡོད་པ་དང་། སྨན་སྦྱིན་ཞབས་ཞུའི་སྐོར་ལས། སྨན་རྩིས་ཁང་ནས་ཉམ་ཐག་དང་། ལོ་ན་༦༥ ཡན། བོད་མིའི་སྒྲིག་འཛུགས་ཀྱི་ལས་སྲི་ཞུའི་ལས་བྱེད། བོད་ནས་གསར་དུ་འབྱོར་མཁན། སྨན་རྩིས་ཁང་གི་ལས་བྱེད་དང་སྡོད་གཅིག་ནང་མི་བཅས་ལ། འབྲས་ནད། གློ་གཅོང་། གཉན་ནད་རེག་དུག མཆིན་ནད་དུག་ཐབས་བཅས་ལྕི་བོ་ཡོད་པའི་ནད་པ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བལྟ་སྐྱོང་ཆེད་སྨན་རིན་བརྒྱ་ཆ་༡༠ ཆག་ཡང་དང་། གྲྭ་བཙུན། སློབ་ཕྲུག་བཅས་ལ་སྨན་སྦྱིན་ཕུལ་བ་ཟླ་རེར་ཆ་སྙོམས་ཀྱིས་ཧིན་སྒོར་འབུམ་༣༣ གཏོང་གི་ཡོད་པའི་སྐོར་དང་། དེ་བཞིན་ཚོགས་པ་ཁག་གིས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་སྐབས་ས་གནས་སྨན་རྩིས་ཁང་གི་ཡན་ལག་རྣམས་ཀྱིས་མཉམ་རུབ་ཞུས་པ་དང་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༡༠༢འཁོར་སྐབས་ལྡི་ལི་དང་ལ་དྭགས་ཀ་ལི་ཀ་ཏ་སོགས་ས་གནས་མང་པོ་ཞིག་ལ་གཏམ་བཤད་དང་ནད་པར་བརྟག་དཔྱད་སོགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་སྐོར། ཕྱི་རྒྱལ་ཁག་ལ་བསྐོར་སྐྱོད་སོགས་ཀྱིས་མཚོན་བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་བར་ཉམས་མྱོང་བརྗེ་རིས་དང་འཕྲོད་བསྟེན་གྱི་ཞབས་ཞུ་ས་ཕྱོགས་གང་སར་ཞུས་པའི་སྐོར་སོགས་གསུངས་ཡོད་པ་རེད།
དེ་མིན་སྨན་རྩིས་ཁང་ནས་བཟོ་སྐྲུན་ཞུས་པའི་རིན་ཆེན་རིལ་བུ་ཁག་བརྒྱད་ཡོད་པ་ལས། ཚོང་པ་ཁག་ཅིག་གིས་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་མང་པོ་རག་ཐབས་བྱས་ཏེ་རིན་གོང་ལྡབ་མང་པོས་བོད་ནང་དུ་ཚོང་བསྒྱུར་བྱེད་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་སྨན་རྩིས་ཁང་གི་མིང་རྫུན་མ་སྤྱད་དེ་སྨན་དང་སྨན་བསང་སོགས་ཚོང་བསྒྱུར་བྱེད་མཁན་ཡོད་པས་མང་ཚོགས་ཚོས་དེ་དག་གི་གཡོ་འོག་མི་ཚུད་པ་བྱེད་དགོས་སྐོར་དང་། གཞན་ཡང་གཡུ་ཐོག་མགོན་པོས་རྩོམ་སྒྲིག་མཛད་པའི་རྒྱུད་བཞི་དང་བོད་གངས་ཅན་པའི་མཁས་པ་རྣམས་ཀྱིས་མཛད་པའི་སྨན་གཞུང་གཞི་རྩར་བཞག་སྟེ་སློབ་གཉེར་བྱེད་པ་དང་། གཞུང་དེ་དག་གི་ནང་བསྟན་པའི་བརྟག་ཐབས་རིག་པ་དང་སྨན་རྫས་མཁོ་སྒྲུབ། སྨན་སྦྱོང་ལག་ལེན་བཅས་ཀྱི་སྒྲོམ་གཞི་དེ་ལ་བསྟན་བཅོས་ཀྱི་ཐ་སྙད་དུ་བོད་ཀྱི་གསོ་བ་རིག་པ་ཞེས། ཡོངས་གྲགས་སུ་སྒྲ་གཏིང་ཚུགས་པ་ཞིག་གྱུར་ཟིན་ཡོད་པས། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་དང་བལ་ཡུལ། སོག་པོ་སོགས་ཀྱི་ནང་ལག་ལེན་བསྟར་བཞིན་པའི་སྨན་གྱི་རིག་པ་དེ་བོད་ཀྱི་གསོ་བ་རིག་དང་སྒྲོམ་གཞི་གཅིག་མཚུངས་ཡིན་པས་བཟང་སྤྱོད་ཀྱི་སྒོ་ནས་དེ་ལ་བོད་སྨན་ཞེས་འབོད་དགོས་པ་དང་། དེང་སང་བོད་ཀྱི་གསོ་བ་རིག་པ་ལ་གསོ་རིག་ཁོ་ན་མ་གཏོགས་བོད་དང་བོད་སྨན་ཞེས་པའི་ཐ་སྙད་ཙམ་ཡང་བེད་སྤྱོད་གནང་བདེ་མེད་པ་ནི་ཆབ་སྲིད་ཀྱིས་རིག་གཞུང་བྱེ་བྲག་པ་ཞིག་གི་འབྱུང་ཁུངས་ལ་རྩིས་མེད་གཏོང་གི་ཡོད་པའི་སྐོར་སོགས་གསུངས་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་ནག་སྐམ་ས་ཆེན་མོར་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་ན་གསུངས་པ་བཞིན་སྔོན་འགྲོའི་གྲ་སྒྲིག་ཚུལ་དུ་རྒྱ་ཡིག་སྡེ་ཚན་ཆེད་འཛུགས་དང་རྒྱ་ཡིག་གི་སྨན་རྩིས་དྲ་རྒྱ་གསར་བཟོ་བྱས་པ་དེས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན། སིང་གྷ་པུར། ཧོང་ཀོང་སོགས་ལ་ཡོད་པའི་རྒྱ་མི་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་སོགས་གསུངས་སོང་།

ཁོང་གིས་སྨན་རྩིས་ཁང་གི་སྐོར་གསུང་དོན།  སྨན་རྩིས་ཁང་དུ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་སྡེ་ཚན་ཁག་༡༡ དང་། རིག་གཞུང་ཁོངས་སྡེ་ཚན་༡༡ བཅས་སྡེ་ཚན་༢༢ ཡོད་པ་དང་། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་བའི་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་༩ བཅས་ཡོད་པ་དང་།  གཞན་ཡང་སྨན་པ་༡༢༦ ཆོད་གན་སྨན་པ་༦ སྐར་རྩིས་པ་༡༥ ཉམས་གསོག་སྨན་པ་༥༧ ཉམས་གསོག་སྐར་རྩིས་པ་༢༠ སྨན་སློབ་༧༨ སྐར་རྩིས་སློབ་ཕྲུག་༢༠ འཛིན་སྐྱོང་ལས་བྱེད་༣༡༢ འཛིན་སྐྱོང་ཆོད་གན་ལས་བྱེད་༨༡ ལས་མི་༡༡༢ བཅས་བསྡོམས་པའི་མི་གྲངས་༨༢༧ ཡོད་པའི་སྐོར་དང་།
རྗེས་སུ་སྨན་རྩིས་མཐོ་སློབ་ཁང་སྦེང་ལོར་དུ་སྤོས་རྗེས་བཞུགས་སྒར་གྱི་སྨན་རྩིས་མཐོ་སློབ་ཁང་འདིར་༢༠༢༡ ཟླ་༣ པའི་ནང་གནའ་ནས་བོད་དང་རིག་གཞུང་གཅིག་གིས་འབྲེལ་བའི་ཧི་མ་ལ་ཡའི་རི་རྒྱུད་ཁག་དང་འབྲུག ཨུ་རུ་སུ། སོག་པོ་སོགས་ཡུལ་གྲུ་ཁག་ནས་བོད་པའི་རིག་གཞུང་ལ་དོན་གཉེར་ཅན་གྱི་གཞོན་སྐྱེས་ཕོ་མོ་གྲངས་མཉམ་ལ་བོད་པའི་སྨན་རྩིས་དང་སྐད་ཡིག་སློབ་ཁྲིད་མཐར་ཕྱིན་པ་ཞིག་སྤྲད་དེ། སོ་སོའི་ལུང་པར་བོད་ལུགས་ཀྱི་གསོ་བ་རིག་པས་ཞབས་འདེགས་ཞུ་ཐུབ་པ་ཞིག་བྱ་རྒྱུའི་འཆར་གཞི་ཡོད་ཚུལ་སོགས་གསུངས་སོང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་ཀང་རའི་རྫོང་གི་སྨན་པ་གཙོ་བོ་ཡིས་སྨན་སློབ་སྐབས་༡༨ དང་རྩིས་སློབ་སྐབས་༩ པའི་སློབ་ཐོན་རྣམས་དང་། ༢༠༡༨ ལོའི་སྨན་རྩིས་སློབ་མ་ཡིག་རྒྱུགས་རྩེར་སོན་རྣམས། དེ་བཞིན་སྤྱི་ཁྱབ་རྒན་བདག་དང་སྐབས་༡༣ པའི་སྨན་པ་རྣམས་ལ་སྨན་རམས་པའི་ཕྱག་ཁྱེར་བྱིན་རྗེས ། ཁོང་གིས་འཕྲོད་བསྟེན་ནི་ན་ན་ཚ་གཅིག་པུ་མ་ཡིན་པར་གཟུགས་པོ་དང་སེམས་པ་ཚང་མ་ལ་རག་ལས་ཡོད་པ་དང་། དེ་དག་ལ་ཕྱི་ལུགས་ལྟ་བུ་སྣ་གཅིག་གིས་ཕན་པར་དཀའ་བས་བོད་ཀྱི་གསོ་རིག་འདི་གལ་ཆེ་ཚུལ་སོགས་ཀྱིས་ང་ཚོ་ཚང་མ་ཟུང་འབྲེལ་བྱེད་དགོས་ཚུལ་ལ་སོགས་པའི་གཏམ་བཤད་ཀྱང་གནང་སོང་། དེ་ནས་སྨན་རྩིས་ཁང་གི་འགན་འཛིན་ནས་དམིགས་བསལ་སྐུ་མགྲོན་ལ་ཕྱག་རྟགས་ཤིག་ཕུལ་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་གྱིས་སྨན་རྩིས་ཁང་གི་དཔེ་དེབ་ཁག་ཅིག་དབུ་འབྱེད་དང་ལས་བྱེད་ཞབས་ལོ་༣༠ དང་༢༠ ལོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་རྗེས། ཁོང་གིས་གནས་ཚང་རྒྱ་གར་ནང་བོད་ཀྱི་རིག་གཞུང་ཁྱབ་སྤེལ་གྱིས་མི་མང་ལ་ཞབས་འདེགས་ཞུ་དགོས་སྐོར་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་སྐབས་སྨན་རྫས་དང་འཛིན་སྐྱོང་སོགས་རྒྱ་གར་གྱི་ཁྲིམས་དང་མཐུན་པར་བྱེད་དགོས་པ། ཉེ་ཆར་བོད་སྨན་ནང་དངུལ་ཆུ་ཡོད་མེད་ལ་གླེང་སློང་བྱུང་བསྡད་པ་ལ་དོ་སྣང་དགོས་རྒྱུ་དང་བཀའ་བཅུ་པའི་སྨན་པ་ཐོན་མཁན་རྣམས་ཀྱིས་ཕྱི་ལུགས་སྐོར་དོ་སྣང་དང་ང་ཚོའི་སྐར་རྩིས་པ་རྣམས་ཀྱིས་རྒྱ་གར་གྱི་སྐར་རྩིས་འགྲོ་སྟངས་སྐོར་ལ་དོ་སྣང་དགོས་སྐོར། གཞན་ཡང་སྨན་རྩིས་ཁང་ནས་སེམས་ཁམས་འཕྲོད་བསྟེན་དང་ནད་རིམས་སྔོན་འགོག་ལ་ཤུགས་རྒྱག་རྒྱུ་དང་སྨན་མང་ཙམ་བཟོ་སྐྲུན་བྱེད་ཐུབ་ན་སྨན་རྫུན་མ་ཉུང་དུ་འགྲོ་བའི་སྐོར་སོགས་གཏམ་བཤད་གནང་སོང་། མཇུག་ཏུ་སྐུ་མགྲོན་གཙོ་བོ་ལ་ཕྱག་རྟགས་ཤིག་ཕུལ་ཏེ་སྐར་རྩིས་པ་གཙོ་བོ་རྩིས་རམས་པ་ཚེ་རིང་ཆོས་འཛོམས་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་སྐུ་མགྲོན་དང་སློབ་ཐོན་རྣམས་དྲན་རྟེན་གྱི་སྐུ་པར་ལྷན་དུ་བསྒྲོན་ཏེ་མཛད་སྒོ་གྲོལ་སོང་།
ཕྱི་ལོ་༡༩༡༦ ལོར་༧གོང་ས་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་གཞིས་ཀྱི་སྨན་རྩིས་ཁང་ཐོག་མར་དབུ་འཛུགས་གནང་ནས་ད་ལོར་ལོ་༡༠༣ འཁོར་གྱི་ཡོད་པ་དང་། ཕྱི་ལོ་༡༩༦༡ལོར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་སྨན་རྩིས་མཐོ་སློབ་ཁང་དབུ་འཛུགས་གནང་སྟེ་ད་ལོར་ལོ་༥༨ འཁོར་གྱི་ཡོད་པ་རེད། །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།