བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་བཞི་པ་དང་གློག་བརྙན་འགྲན་སྡུར།
ཟླ་འདིའི་ཚེས་༢༥ ནས་ཉིན་གཉིས་རིང་དྷ་ས་བོད་གཞུང་ཟློས་གར་ཁང་དུ། བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་ཆུང་གི་གོ་སྒྲིག་འོག གློག་བརྙན་དུས་སྟོན་ཐེངས་བཞི་པ་དེ་འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་༢༥ ནས་ཉིན་གཉིས་རིང་དྷ་ས་བོད་གཞུང་ཟློས་གར་ཁང་དུ། བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་ཆུང་གི་གོ་སྒྲིག་འོག གློག་བརྙན་དུས་སྟོན་ཐེངས་བཞི་པ་དེ་འཚོགས་ཡོད་པ་རེད།
གློག་བརྙན་དུས་སྟོན་དེ་༢༠༠༨ ལོར་རྒྱ་ནག་གི་བཙན་འོག་དུ་ཡོད་པའི་བོད་མི་ཚོར་དོན་གྲུབ་དབང་ཆེན་གྱིས་བོད་དོན་དང་འབྲེལ་བའི་བཅར་འདྲི་བྱས་པའི་གློག་བརྙན་<<འཇིགས་བྲལ་>>ཞེས་པ་བཟོས་རྗེས། དོན་གྲུབ་དབང་ཆེན་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ། ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པར། རྗེས་དྲན་ཆེད་དུ་འགོ་འཛུགས་བྱས་པ་ཞིག་ཡིན་པ་རེད།
མཛད་སྒོའི་ཐོག་དྷ་སའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་དོན་གྲུབ་ཀྱིས་དུས་སྟོན་ངོ་སྤྲོད་གསུང་བཤད་བྱེད་སྐབས། དུས་སྟོན་དེ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལ་རྗེས་དྲན་དང་། བོད་ཀྱི་གློག་བརྙན་གྱིས་མཚོན་སྒྱུ་རྩལ་ལས་རིགས་ཡར་རྒྱས་ཡོང་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོ་མགོ་ལོག་འཇིགས་མེད་ཀྱིས་གསུང་དོན། འཇིགས་བྲལ་གློག་བརྙན་དེར་པར་ལེན་དང་བརྙན་ཆས་སོགས་ཆ་རྐྱེན་ཚད་དང་ལྡན་པ་མེད་རུང་། དངོས་བྱུང་གློག་བརྙན་འདིའི་དམིགས་ཡུལ་གཙོ་བོ་བོད་ནང་གི་དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་ཐུབ་ཆེད་དུ་ཡིན་སྟབས། འདིའི་ནང་སྙིང་སྟོབས་ལྡན་པའི་བོད་མི་བརྒྱ་ལྷག་གིས་སྐད་ཆ་བཤད་ཡོད་སྐོར་ངོ་སྤྲོད་བྱས་ཡོད་པ་རེད། ཁོང་ནི་འཇིགས་བྲལ་གློག་བརྙན་བཟོ་རོགས་གཙོ་བོ་གཅིག་ཡིན་པ་དང་། རྗེས་སུ་ཁོང་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་ཐུབ་ཡོད་པ་རེད།
བོད་ཀྱི་གློག་བརྙན་དུས་སྟོན་དེའི་ཐོག་བོད་མིས་བཟོས་པའམ། བོད་སྐོར་གྱི་གློག་བརྙན་ཁོ་ན་སྟོན་གྱི་ཡོད་པ་དང་། དེ་ཡང་བོད་ཕྱི་ནང་གཉིས་ནས་གློག་བརྙན་བཤམ་སྟོན་དང་། བཙན་བྱོལ་ནང་ནས་བཟོས་པའི་གློག་བརྙན་ཐུང་གྲས་སྐར་མ་ལྔ་ཅན་ཁག་ཅིག་འགྲན་སྡུར་བྱས་ཏེ། བྱ་དགའ་སྤྲོད་ཀྱི་ཡོད་པ་རེད།
དུས་སྟོན་དེར་བོད་ནང་ནས་བཟོ་སྐྲུན་བྱས་པའི་ལྗངས་བུའི་གློག་བརྙན་“མཚོ་སྔོན་པོ་”དང་། རྒན་ཚུ་རྒྱ་མཚོའི་གློག་བརྙན་“རྔོན་པ་དང་ཀེང་རུས་”ཞེས་པ་གཉིས་གཙོས་རྒྱ་གར་དང་བལ་ཡུལ། ཨ་རི་སོགས་སུ་གནས་སྡོད་བྱེད་བཞིན་པའི་བོད་པའི་གློག་བརྙན་ཁག་ཅིག་བཤམ་སྟོན་བྱེད་ཀྱི་ཡོད་པ་རེད།
དེ་བཞིན་གློག་བརྙན་དུས་སྟོན་དེའི་ཐོག་རྙོག་བརྙན་བཟོ་སྐྲུན་པའི་བར་བགྲོ་གླེང་དང་། “སྒྱུ་རྩལ་དང་བོད་”ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།