བོད་ཀྱི་ཆབ་སྲིད་བཙོན་ཟུར་ཟླ་བ་རིན་པོ་ཆེ་སྐུ་གཤེགས་ཡོད་འདུག 

ནག་ཆུ་ས་ཁུལ་ཁམས་ཤག་རོང་པོ་ཁུལ་དུ་ཆོས་རྗེ་ཡབ་སྲས་གསུམ་ཞེས་གྲགས་པའི་ནང་ནས་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཕྱི་ལོ་༢༠༢༢ ཟླ་༡ ཚེས་༣༠ ཉིན་དགུང་གྲངས་༨༦ ཐོག་ལྷ་སར་དགོངས་པ་རྫོགས་པ་དང་། ཉིན་གྲངས་༡༤ རིང་ཐུགས་དམ་ལ་བཞུགས་ཡོད་པའི་གནས་ཚུལ་འདུག

ནག་ཆུ་ས་ཁུལ་ཁམས་ཤག་རོང་པོ་ཁུལ་དུ་ཆོས་རྗེ་ཡབ་སྲས་གསུམ་ཞེས་གྲགས་པའི་ནང་ནས་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཕྱི་ལོ་༢༠༢༢ ཟླ་༡ ཚེས་༣༠ ཉིན་དགུང་གྲངས་༨༦ ཐོག་ལྷ་སར་དགོངས་པ་རྫོགས་པ་དང་། ཉིན་གྲངས་༡༤ རིང་ཐུགས་དམ་ལ་བཞུགས་ཡོད་པའི་གནས་ཚུལ་འདུག

སྐུ་གྲོངས་རྗེས་ཀྱི་གནས་ཚུལ་རྒྱ་ནག་གི་དམ་དྲག་འོག་རྒྱུན་རིང་ཕྱི་ནས་ཤེས་རྟོགས་ཐུབ་མེད་པ་དང་། ཟླ་འདིའི་ཚེས་༢༤ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་བ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་རྒྱ་ནག་གཞུང་གིས་གསང་རྒྱ་དམ་པོའི་ངང་དགོངས་པ་རྫོགས་པའི་སྐོར་དྲ་ལམ་དུ་གང་བྱུང་བརྒྱུད་སྤེལ་བྱེད་མི་ཆོག་ཅེས་བཤད་ཡོད་པ་མ་ཟད། དེ་སྔོན་དད་ལྡན་པ་རྣམས་ཀྱི་དྲ་ངོས་སུ་བཞག་པའི་པར་རིས་དང་བརྙན་ཐུང་ཡོངས་རྫོགས་ནག་བསུབ་བཏང་ཡོད་འདུག 

༢༠༢༢ ལོའི་ཟླ་༢ ཚེས་༡༣ ཉིན་ཐུགས་དམ་ལས་གྲོལ་ཡོད་པ་དང་། དད་ལྡན་སེར་སྐྱ་འགའ་ཡིས་བརྗོད་དོན་ལ་ང་ཚོའི་གསོན་པོའི་སྐྱབས་རྟེན་དང་ཤི་བོའི་བསྔོ་རྟེན་འབུལ་སའི་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་སྟངས་འདི་འདྲ་ཞིག་བྱུང་བར་ངེད་ཅག་རྣམས་ཡིད་གདུང་དྲག་པོའི་ངང་ཤུལ་དུ་ལྷག་སོང་བའི་སྐུ་གདུང་མཇལ་ཁ་ཞིག་གཏང་དགོས་ཞེས་དེར་ཡོད་རྒྱ་ནག་གཞུང་གི་ལྟ་སྲུང་ཉེན་རྟོག་པ་དང་ཆེད་མངགས་ལས་བྱེད་པ་རྣམས་ལ་རེ་འདུན་བཏོན་སྐབས། རྒྱ་གཞུང་གི་ལྟ་སྲུང་ཉེན་རྟོག་པས་སྐུ་གདུང་མཇལ་ཁ་གཏོང་ཆོག་ཀྱང་། ལྷ་ས་གནས་སྡོད་བྱེད་མཁན་མ་གཏོགས་ས་གནས་གཞན་ནས་ཡུལ་མི་སུ་གཅིག་ཡོང་མི་ཆོག་ཅེས་བཤད་ཡོད་པ་དང་། གལ་ཏེ་ས་གནས་གཞན་ནས་ཡིན་པའི་མི་ཞིག་འདིར་སླེབས་ཡོང་ན་འཇུག་འབྲས་ཡག་པོ་ཡོང་གི་མ་རེད་ཅེས་སྡིགས་ར་བསྐུལ་ཡོད་འདུག 

ཕྱི་ཟླ་༢ པའི་ཚེས་༡༥ ཉིན། དེར་ཡོད་སེར་སྐྱ་རྒན་གྲས་རེ་བཟུང་ཞིག་ལས་མཇལ་ཁ་བཏང་མེད་པ་དང་། མཇལ་ཁ་ལ་ཡོང་མཁན་རྣམས་བྱེད་མི་ཆོག་ཟེར་བའི་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པ་སྟེ། “རླངས་འཁོར་བསྐོར་ནས་ཡོང་མི་ཆོག་པ་དང་། ཁ་བཏགས་ཕྱི་རུ་འདོན་མི་ཆོག་པ། ཟིང་ཆ་སློང་མི་ཆོག་པ། བརྙན་ཐུང་དང་པར་ལེན་གཏན་ནས་བྱེད་མི་ཆོག་”ཅེས་བཤད་ཡོད་པ་མ་ཟད། གཞན་ཡང་སྐུ་གདུང་མཇལ་ཁའི་སྐབས་སུ་ཟིང་ཆ་སློང་མཁན་དེ་འདྲ་བྱུང་བ་ཡིན་ན་སྐུ་གདུང་དེ་ཡང་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་དུ་གདན་འདྲེན་བྱེད་མི་ཆོག་ཅིང་། ཟིང་ཆ་སློང་མཁན་རང་ཉིད་ཀྱང་བཙོན་འཇུག་དང་དེ་ལས་ཚབ་ཆེ་བའི་འཇུག་འབྲས་ཅི་ཞིག་ཐོན་མིན་སོ་སོས་ཧ་གོ་ངེས་རེད་ཅེས་འཇིགས་སྐུལ་ཡང་ཡང་བྱས་ཡོད་འདུག 

ཕྱི་ཚེས་༡༨ ཉིན་ལྷ་ས་ནས་སྐུ་གདུང་གདན་འདྲེན་བྱས་པ་དང་དེ་ཡང་དགོན་པ་དང་བླ་བྲང་གི་རླངས་འཁོར་རེ་རེ་མ་གཏོགས་རླངས་འཁོར་གཞན་དག་རྒྱ་གཞུང་ཁོ་རང་ཚོས་གྲ་སྒྲིག་ཡོད་པའི་གཞན་ཡུལ་མི་སུ་ཞིག་གི་རླངས་འཁོར་བསྐོར་ཏེ་སེར་འཕྲེང་བསྒྲིགས་པ་དེ་འདྲ་མི་ཆོག་ཅེས་སྔར་བཞིན་འཇིགས་སྐུལ་བྱས་ཡོད་པར་མ་ཟད། དེའི་ཕྱི་ཉིན་སྐུ་གདུང་དགོན་པ་ལ་གདན་འདྲེན་བྱས་ཡོད་པར་ཕ་ཡུལ་གཙོས་པའི་ཡུལ་མི་འགའ་ཞིག་གིས་ཤེས་རྟོགས་བྱུང་བས། སྐུ་གདུང་མཇལ་སར་ཡུལ་མི་འགའ་ཤས་སྔ་པོ་ནས་དགོན་པ་ལ་འབྱོར་བས་སྐུ་གདུང་མཇལ་ཁ་རག་ཀྱང་། རིམ་བཞིན་དད་ལྡན་པ་མང་པོ་ཞིག་དེར་འབྱོར་བའི་རྗེས་སུ་ཡོང་བའི་མི་མང་རྣམས་རྒྱ་དམར་གྱི་ཉེན་རྟོག་པ་དང་ཆེད་མངགས་མི་སྣས་སྐུ་གདུང་ལ་མཇལ་ཁ་མ་བཏང་བས་མི་དམངས་རྣམས་ཀྱིས་རྒྱ་གཞུང་ཉེན་རྟོག་པའི་ཁ་ལ་མ་ཉན་པར་ཕན་ཚུན་རྙོག་གྲ་ཤོར་གྲབས་བྱས་པའི་མཐར། དགོན་པའི་གྲྭ་བ་ཞིག་གི་ཁ་ལ་ཉན་ནས་མི་དམངས་རྣམས་སོ་སོ་འདུག་སའི་གནས་སུ་སོང་ཡོད་འདུག 

ཕྱི་ཚེས་༢༥ ཉིན་སྐུ་གདུང་ཞུགས་འབུལ་བྱས་ཡོད་པ་དང་། དེའི་སྐབས་སུ་དགོན་པའི་ནང་དུ་ཡོད་པའི་གྲྭ་བ་མ་གཏོགས་ཕྱི་ནས་མང་ཚོགས་སུ་ཞིག་ཡོང་མི་ཆོག་པ་བཀག་སྡོམ་བྱས་པ་མ་ཟད། དེར་ཡོད་གྲྭ་བ་རྣམས་ཁ་པར་དང་པར་ཆས་འཁྱེར་མི་ཆོག་ཟེར་ནས་ལུས་བཤེར་ཡང་བྱས་ཡོད་འདུག

ཟླ་བ་རིན་པོ་ཆེ་མཁྱེན་རབ་དབང་ཕྱུག་མཆོག་ནི་ལོ་༡༩༣༧ ལོར་ནག་ཆུ་ས་ཁུལ་ཁམས་སྟོད་རུ་གསར་དུ་ཡབ་བཙན་མགོ་ཡང་མགོན་བླ་འགའ་དང་། ཡུམ་མཚོ་དཀར་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་སྐུ་འཁྲུངས་པ་དང་། སྤུན་གཉིས་དང་སྲིང་མོ་གཅིག་བཅས་མིང་སྲིང་བཞི་ཡོད་པ་དང་། རང་དགོན་དུ་ཆོས་བཞུགས་བྱས་ནས་ཆོས་སྤྱོད་སློབ་གཉེར་དང་བཅས་བཞུགས་མུས་སུ་རྒྱ་ནག་དམར་པོས་བོད་ལ་དབང་སྒྱུར་བྱེད་སྐབས་རྒྱ་ལ་ཁ་གཏད་ལངས་པའི་ཉེས་འཛུགས་ཀྱིས་༡༩༦༠ ལོའི་དམངས་གཙོ་བཅོས་བསྒྱུར་ཟེར་བ་དེའི་སྐབས་སུ་རྒྱ་གཞུང་ནས་འཛིན་བཟུང་དང་། ལན་མང་འཐབ་རྩོད་དང་རྡུང་རྡེག་ཚབ་ཆེན་བཏང་སྟེ་བཙོན་འཇུག་ལོ་༥ དང་། ཡང་རིགས་གསར་སྐབས་སུ་ལས་མི་རུ་ཁག་ཟེར་བ་དེའི་ནང་ནས་སླར་ཡང་འཛིན་བཟུང་བྱས་ཏེ་འཐབ་རྩོད་དང་མནར་གཅོད་བཟོད་བཀའ་བ་བཏང་སྟེ་ལོ་༧ བཙོན་འཇུག་བྱས། སྤུན་འཇིག་འཇིག་དང་། འཇིགས་མེད་འོད་ཟེར་གཉིས་ནི་སྨྲི་ཏི་ཕོ་མཚོ་སྟོད་དུ་རྒྱ་དམག་དང་དམར་འཛིང་བྱས་ཏེ་ཚེ་སྲོག་ཤོར་བ་དང་།  སྲིང་མོ་བསོད་ནམས་དཔལ་སྐྱིད་ནི་གེ་སོ་སྲ་བྷ་གྲོང་དུ་ཁྱིམ་ཐབ་བཟུང་ནས་སྡད་ཡོད་པ་དང་དེའི་རྗེས་སུ་རིགས་གནས་གསར་རྗེ་ཟེར་བ་དེའི་སྐབས་སུ་རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་རྡུང་རྡེག་དང་འཐབ་རྩོད་ཕོག་སྟེ་ཕྱིས་སུ་འདས་གྲོངས་སོང་ཡོད།   དེ་ནས་༢༠༡༠/༠༥/༢༠ ཉིན་མདོ་ཁམས་ཤག་རོང་པོ་ཁུལ་དུ་སླར་ཡང་རྒྱ་དམར་གཞུང་གིས་ལྔ་ཉི་ཤུའི་དོན་རྐྱེན་ཟེར་བ་མིང་འདོགས་བྱས་ཤིང་། རོང་པོ་ཆོས་རྗེ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ཀྱི་སྐོར་ལ་༧གོང་ས་མཆོག་དང་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ཏེ་རྒྱ་གཞུང་གིས་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་སླར་ཡང་ལོ་༧ བཙོན་འཇུག་ཁྲིམས་ཐག་བཅད། ད་དུང་སྐབས་དེ་དུས་དགོན་པའི་གྲྭ་བ་དང་ཡུལ་མི་རྣམས་ལ་ཡང་ཡང་སུན་གཙེར་གྱིས་༧གོང་ས་མཆོག་དང་ཟླ་བ་རིན་པོ་ཆེ་ལ་དགག་པ་རྒྱག་དགོས་པ་དང་། ཟླ་བ་རིན་པོ་ཆེ་ནི་བླ་མ་མིན་པ་དང་རྗེས་མ་འདས་ཚར་བའི་རྗེས་སུ་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་ཟེར་བ་སོགས་བཤད་དེ་བཙན་ཤེད་ཀྱིས་ཆབ་སྲིད་སློབ་གསོ་ཟེར་བའི་མིང་འདོགས་འོག་ཡང་ཡང་སུན་གཙེར་བཟོས་པའི་རྐྱེན་གྱིས་སྐབས་དེ་དུས་དགེ་སློང་ངག་དབང་རྒྱ་མཚོ་རང་ཉིད་ཀྱི་སྐུ་སྲོག་ཀྱང་བློས་བཏང་བྱེད་དགོས་བྱུང་ཡོད། 

རྒྱ་ནག་གཞུང་གིས་ལྔ་ཉི་ཤུའི་དོན་རྐྱེན་ཞེས་པའི་མིང་འདོགས་འོག་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་ནི་ནག་ཆུ་ས་ཁུལ་གྱི་དགོན་ཁག་༡༡༣ ནང་ནས་ནག་ཉེས་ཆེ་ཤོས་ཀྱི་དགོན་པ་ཨང་དང་པོ་དེ་ཡིན་རབས་བཤད་པ་དང་། ད་དུང་མཆོག་སྤྲུལ་བླ་མ་ཟླ་བ་ཐོ་སྒོ་ལ་ནས་སྒལ་ཏེ་དགོན་པར་འགྲོ་མི་ཆོག་པ།  ཚེ་གང་ཆབ་སྲིད་ཀྱི་ཁེ་དབང་མེད་པར་བཟོས་པ་དང་།   ཞིང་ལ་མ་གཤེགས་བར་དུ་རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་ཆེད་མངགས་་མི་སྣས་ཡང་ནས་ཡང་དུ་ཞིབ་བཤེར་བྱས་ནས་བཟང་བཙོན་ལྟ་བུ་བཞག་ནས་༢༠༢༢/༡/༣༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གཟིམ་ཆུང་དུ་དགོངས་པ་རྫོགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།