འབྲས་བློ་གླིང་དུ་དགོན་སྡེའི་ཚན་རིག་ལས་རིམ་དབུ་འཛུགས།
ཟླ་འདིའི་ཚེས་ ༡༩ ནས་༦ ཚེས་ ༢༡ བར་ཟླ་བ་གཅིག་གི་རིང་འབྲས་སྤུངས་བློ་གསལ་གླིང་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་གཉིས་ཀྱིས་གོ་སྒྲིག་འོག་ཨེ་མོ་རི་དང་བོད་ཀྱི་དགོན་སྡེའི་ཚན་རིག་ལས་རིམ་དབྱར་ཁའི་ཚན་རིག་ཟབ་སྦྱོང་གི་མཛད་སྒོ་ཞིག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་གི་ཡང་ཐོག་བློ་གླིང་ཚན་རིག་འཛིན་ཁང་དུ་དབུ་འཛུགས་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་ ༡༩ ནས་༦ ཚེས་ ༢༡ བར་ཟླ་བ་གཅིག་གི་རིང་འབྲས་སྤུངས་བློ་གསལ་གླིང་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་གཉིས་ཀྱིས་གོ་སྒྲིག་འོག་ཨེ་མོ་རི་དང་བོད་ཀྱི་དགོན་སྡེའི་ཚན་རིག་ལས་རིམ་དབྱར་ཁའི་ཚན་རིག་ཟབ་སྦྱོང་གི་མཛད་སྒོ་ཞིག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་གི་ཡང་ཐོག་བློ་གླིང་ཚན་རིག་འཛིན་ཁང་དུ་དབུ་འཛུགས་བྱས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་ཁྲི་པ་བློ་བཟང་བསྟན་པ་མཆོག་དབུ་ཞུགས་ཐོག བློ་གསལ་གླིང་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་ཡེ་ཤེས། ར་སྟོད་གྲྭ་ཚང་གི་མཁན་ཟུར། ས་སྐྱ་གྲྭ་ཚང་གི་མཁན་ཚབ། བློ་གསལ་གླིང་དང་སྒོ་མང་གྲྭ་ཚང་གཉིས་ཀྱི་དགེ་བསྐོས་གཉིས་དང་། བློ་གསལ་ཕྱག་མཛོད་དགེ་བཤེས་བློ་བཟང་ཚེ་རིང་། ཨེ་མོ་རི་ནས་ཕེབས་པའི་ཚན་རིག་ལྟ་གྲུབ་མཁས་དབང་ཇུ་ལི་ཨ་དང་། ཚན་རིག་ལྟ་གྲུབ་མཁས་དབང་ཁི་རེ་ཀི སྐད་གཉིས་ལོ་ཙྭ་བ་དགེ་བཤེས་ལྷ་རམ་པ་དགྲ་འདུལ་རྣམ་རྒྱལ་དང་། བརྩོན་འགྲུས་བསམ་འཕེལ། སྒོ་མང་ཚན་རིག་སྡེ་ཚན་འགན་འཛིན་དང་བློ་གསལ་གླིང་ཚན་སྡེ་ཚན་རིག་འགན་འཛིན་དགེ་ལེགས་རྒྱ་མཚོ་གཙོས་གྲྭ་ཚང་གཉིས་ཀྱི་ཚན་རིག་སྡེ་ཚན་གྱི་ལས་སྣེ་ཡོངས་དང་། བློ་གསལ་གླིང་དང་། སྒོ་མང་། ར་སྟོད། ས་སྐྱ་བཅས་ནས་ཕེབས་པའི་ཚན་རིག་སློབ་མ་༢༢༢ ཙམ་འདུ་འཛོམས་ཀྱིས་དགེ་བའི་རྟེན་འབྲེལ་དུ་དཀོན་མཆོག་རྗེས་དྲན་གསུང་གྲུབ་རྗེས།
སྒོ་མང་ཚན་རིག་འགན་འཛིན་དགེ་རྒན་རྔ་བ་ཤེས་རབ་ནས་ཨེ་མོ་རི་དང་བོད་ཀྱི་དགོན་སྡེའི་ཚན་རིག་ལས་རིམ་ངོ་སྤྲོད་དང་སྦྲགས་ལས་རིམ་འདིའི་ཆེད་སྤྱིར་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལས་རིམ་འདི་གལ་ཆེན་དོན་ཆེན་དུ་གཟིགས་ནས་ཨ་སྒོར་ས་ཡ་གཅིག་གི་རོགས་རམ་གནང་ཡོད་པ་དང་། མ་འོངས་བསྟན་པ་འཛིན་སྐྱོང་བྱེད་པ་ལ་དགེ་འདུན་པ་ཚོས་ཚན་རིག་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་དགེ་བཤེས་བློ་བཟང་བསྟན་འཛིན་ལ་སོགས་པ་མི་ཆེས་མང་པོས་འདིའི་ཐོག་སྐུ་ལས་བསྐྱོན་བཞིན་པ་སོགས་དྲན་པའི་ཐོག་ནས་ཚན་རིག་སློབ་སྤྱོང་གནང་དགོས་པའི་སྐོར་གསུངས་སོང་།
སྐུ་མགྲོན་གཙོ་བོ་འབྲས་སྤུངས་ཁྲི་བ་བློ་བཟང་བསྟན་པ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་སྐོར་ལ་བཀའ་སློབ་གནང་དོན། དེ་རིང་འདིར་ཕེབས་པའི་ཨ་རིའི་ཨེ་མོ་རས་མཐོ་སློབ་ཀྱི་དགེ་རྒན་རྣམ་པ་དང་། གྲྭ་ཚང་ཁག་གི་མཁན་པོ་དང་། དགེ་སྐོས། ཕྱག་མཛོད་སོགས་གཙོ་བྱས་ཚན་རིག་སློབ་གཉེར་པ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་ཅིག ང་རང་གི་བསམ་ཚུལ་ལ་ཚན་རིག་འདི་དགེ་འདུན་པས་སྦྱོང་དགོས་པའི་རྒྱུ་མཚན་གཅིག་ནི། མི་མང་ཆེ་བ་ལ་ཚན་རིག་པས་གང་བཤད་པ་དེ་ནི་བདེན་པ་རེད་བསམ་འདོད་པའི་ཡིད་ཆེས་ཤིག་འདུག དེས་ན་ནང་བ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་ཐབས་སུ་ཚན་རིག་པས་ནང་ཆོས་ལ་དོ་སྣང་འབྱུང་དགོས་པ་དེ་རེད་བསམ། ཚན་རིག་པས་ཡག་པོ་འདུག་ཅེས་བཤད་ན་མི་མང་ཆེ་བས་ཁས་ལེན་དང་ཡིད་ཆེས་བྱེད་ཀྱི་རེད་བསམ། དེར་བརྟེན་དགེ་འདུན་པས་བསྟན་པ་འཛིན་སྐྱོང་རིང་དུ་གནས་ཆེད་དང་། དེ་ཡང་མདོར་ན་འགྲོ་བ་སེམས་ཅན་བདེ་ཐབས་སུ་ཚན་རིག་སྦྱོང་དགོས་པ་བསམ་ཀྱི་ཡོད།༧གོང་ས་༧མཆོག་གི་དགོངས་གཞི་ཡང་འདི་ཡིན་རྒྱུ་རེད་བསམ་གྱིན་ཡོད། དེས་ན་ཁྱེད་རང་ཚན་རིག་སློབ་གཉེར་པ་རྣམས་ཟླ་གཅིག་རིང་དུ་དུས་ཚོད་ཏག་ཏག་ལ་འཛིན་གྲྭར་ཕེབས་རྒྱུ་དང་། དགེ་རྒན་རྣམ་པའི་སློབ་ཁྲིད་ཡག་པོ་ཉན་རྒྱུ། གཞན་ཁྲིམས་དང་འགྲིག་ལམ་གང་ཡོད་ཚང་མ་ཚུལ་བཞིན་འགྲོ་རྒྱུ་ཧ་ཅང་གི་གལ་ཆེན་རེད་ཅེས་གསུང་སོང་། ཁྲི་པ་མཆོག་གི་གསུངས་གྲུབ་རྗེས་ཚན་རིག་ལྟ་གྲུབ་དགེ་རྒན་རྣམས་དང་། ཚན་རིག་སློབ་གཉེར་རྣམས། མཛད་སྒོ་རུ་ཕེབས་པའི་མཁན་ལས་ཟུར་རྣམས་སྐུ་པར་སྒྲོན་གྲུབ་པ་དང་ཐེངས་འདིའི་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་རེད་། དེ་ནས་ཆུ་ཚོད་བརྒྱད་པའི་ཚན་རིག་ལྟ་གྲུབ་སློབ་མགོ་ཚུགས་སོང་ལ། འདི་ལོ་ཚན་རིག་ཟབ་སྦྱོང་དུ་སློབ་ཚན་གཙོ་བོ་ཚན་རིག་གི་ལྟ་གྲུབ་དང་། དངོས་ཁམས་ཚན་རིག སྐྱེ་དངོས་ཚན་རིག དབང་རྩ་ཚན་རིག་བཅས་རེད་འདུག་ཅིང་། དུས་ཡུན་ཟླ་བ་གཅིག་གི་རིང་ཡིན་དང་གཉེར་བ་དགེ་འདུན་པ་གྲངས་༢༢༢ ཙམ་མཉམ་ཞུགས་ཀྱི་ཡོད་པ་རེད་འདུག
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།