བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་དབུ་འཛུགས་བྱས།

ཟླ་འདིའི་ཚེས་༢༣ ནས་ཉིན་གྲངས་གསུམ་གྱི་རིང་། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་དེ་ས་རྰ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་འགོ་བཙུགས་སོང་།

ཐེངས་འདིའི་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་དང་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་དང་། དེ་བཞིན་སྲིད་བྱུང་ཉམས་ཞིབ་ཁང་གི་ལས་བྱེད་ཁག་གཅིག་དང་ཕྱོགས་མཐའ་ཁག་གནས་ཕེབས་པའི་ཚོགས་བཅར་བ་བཅས་ལྷན་འཛོམས་གནང་འདུག

སྐབས་དེར་དམིགས་བསལ་སྐུ་མགྲོན་ཀརྨ་ཆོས་དབྱིངས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་། ཆོས་དང་རིག་གཞུང་སོགས་ཀྱི་ཐོག་ལ་འཁྱོག་བཤད་བྱས་དང་བྱེད་བཞིན་ཡོད་པས་ཉམས་ཞིབ་པ་ཚོས་དངོས་ཡོད་གང་ཡིན་གྱི་ཐོག་ལ་ཉམས་ཞིབ་བྱེད་རྒྱུ་གལ་འགངས་ཆེ་རབས་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་ཆབ་སྲིད་ཀྱི་འགྲོ་སྟངས་དང་རྒྱ་དཀར་ནག་བར་གྱི་འབྲེལ་བ། རྒྱ་ནག་དང་ཨ་རི་བར་གྱི་འབྲེལ་བ་སོགས་བརྗོད་གཞི་གྲངས་ལས་འདས་པ་ཞིག་ཡོད་མོད་ཀྱང་། གཙོ་བོ་དེ་བོད་ཀྱི་རྩ་དོན་དཀྱིལ་ལ་བཞག་ནས་ཉམས་ཞིབ་བྱེད་རྒྱུ་གལ་འགངས་ཆེ་བའི་སྐོར་གྱི་གཏམ་བཤད་གནང་སོང་།

སྐུ་མགྲོན་གཙོ་བོ་འཇུ་བསྟན་སྐྱོང་གིས་ཞིབ་འཇུག་བྱས་ཟེར་དུས་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་བདེན་དོན་བཙལ་རྒྱུ་ཞིག་དང་། དེ་ལ་ཐབས་ལམ་དང་རིག་པའི་རྣམ་གཞག་འདྲ་མི་འདྲ་ཡོད་པ་མ་ཟད། ལྷག་པར་དུ་ཉམས་ཞིབ་པ་མང་ཆེ་བས་དེང་དུས་སམ་ནུབ་ཕྱོགས་པའི་དཔྱད་ཐབས་རིག་པ་མང་པོ་ཞིག་བེད་སྤྱོད་གཏོང་གི་ཡོད་པ་དང་། དེ་ནི་ཧ་ཅང་ཡག་པོོ་ཞིག་དང་ཁོང་ཉིད་ཀྱིས་ཀྱང་དེ་ལ་དགག་པ་གང་ཡང་བྱེད་ཀྱི་མེད་ན་ཡང་། ཐབས་ལམ་དེ་དག་གི་ཞོར་དུ་གནའ་རབས་ཀྱི་བོད་ཀྱི་ཞིབ་འཇུག་གི་རིག་པ་ག་རེ་ཡོད་པ་དང་ཐབས་ལམ་ག་རེ་ཡོད་པ་སོགས་ལ་ཕྱི་མིག་ཅིག་ལྟ་རྒྱུ་དེ་དཔེ་གལ་ཆེན་མོ་རེད་ཅེས་དང་། གལ་སྲིད་ང་ཚོས་སོ་སོ་ལ་ཕྱི་མིག་མ་བལྟས་པ་གཞན་པ་ལ་ལྟ་རྒྱུ་མང་དྲགས་ན། སོ་སོའི་རིག་གཞུང་དང་སོ་སོའི་རིན་ཐང་དེ་དག་མ་ཚོར་བ་བྱས་ནས་གཉའ་ཆག་རྒྱུ། སོ་སོ་ལ་ཅི་གང་མེད་པ། ཐ་ན་བོད་པ་ཞིག་ཡིན་ཟེར་དུས་ངོ་ཚ་དགོས་རྒྱུ་ཉེན་ཁ་ཏན་ཏན་ཡོད་རེད་ཅེས་དང་། དེ་བཞིན་ཉམས་ཞིབ་པ་དག་གིས་གོ་བསྡུ་དང་བགྲོ་གླེང་བྱེད་པའི་སྐབས་སུ་གོ་ཡངས་པོ་དང་གུས་ཞབས་ལྡན་པ་དང་། ཆེ་མཐོང་ཡོད་པའི་སྒོ་ནས་དགག་སྒྲུབ་སོགས་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། ལྷག་པར་དུ་ཞིབ་འཇུག་བྱེད་པའི་སྐབས་སུ། བོད་སོགས་རྒྱ་ཆེ་མོ་དེ་འདྲ་ལ་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་པོ་དང་ཡག་པོ་ཡིན་མོད་ཀྱང་། ཆུང་ཆུང་དེ་ཚོ་ལ་ཡང་ཐུགས་སྣང་བྱེད་རྒྱུ་གལ་ཆེན་ཡིན་པ། ཐ་ན་མི་རེ་རེའི་སོ་སོའི་ཕ་ཡུལ་གྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས།མ་འོངས་པ་ག་རེ་འགྱུར་རྒྱུ་སོགས་ཀྱི་ཐོག་ལ་ཡང་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པའི་གཏམ་བཤད་གནང་སོང་།

ཐེངས་འདི་བོད་ཀྱི་ན་གཞོན་ཉམས་ཞིབ་ཚོགས་འདུའི་ཐོག་ཏུ་གཏམ་བཤད་པ་ཁྱོན་བསྡོམ་༢༤ ཡིས་ཉིན་གྲངས་གསུམ་གྱི་རིང་། བོད་ཀྱི་ལོ་རྒྱུས་དང་སྨན། ཁོར་ཡུག་དང་ཆབ་སྲིད། ཆོས་དང་ལུགས་སྲོལ་སོགས་བརྗོད་གཞི་སྣ་ཚོགས་ཐོག་ལ་གཏམ་བཤད་དང་དྲི་བ་དྲིས་ལན་བྱེད་རྒྱུ་རེད་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།