བོད་ཀྱི་ན་གཞོན་སྒུལ་ཤུགས། དགའ་བསུ་ཞུ་རོགས།
ཡེ་ཤེས་བསྟན་འཛིན། སློབ་མ། བྷུན་ཏར་དགེ་འོས་མཐོ་སློབ།
ཕྱི་ལོ་༢༠༡༢-༢༠༡༣ ནང་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ལོ་ན་ཆེ་ཆུང་མང་པོ་ཞིག་གིས་སྒུལ་ཤུགས་ངང་རྒྱལ་སྤྱིའི་སྟེང་མཚན་སྙན་གྲགས་ཀྱི་ཆ་ཤས་ལེན་ཐུབ་པ་ནི་གཤམ་གྱི་ཆོལ་གསུམ་གཞོན་སྐྱེས་ཁྲོད་ཆེས་དགའ་བསུ་དང་དགའ་སྤོབས་སྐྱེས་འོས་པའི་སྐལ་བཟང་ཞིག་ཏུ་གྱུར་ཡོད།
ཡེ་ཤེས་བསྟན་འཛིན། སློབ་མ། བྷུན་ཏར་དགེ་འོས་མཐོ་སློབ།
ཕྱི་ལོ་༢༠༡༢-༢༠༡༣ ནང་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ལོ་ན་ཆེ་ཆུང་མང་པོ་ཞིག་གིས་སྒུལ་ཤུགས་ངང་རྒྱལ་སྤྱིའི་སྟེང་མཚན་སྙན་གྲགས་ཀྱི་ཆ་ཤས་ལེན་ཐུབ་པ་ནི་གཤམ་གྱི་ཆོལ་གསུམ་གཞོན་སྐྱེས་ཁྲོད་ཆེས་དགའ་བསུ་དང་དགའ་སྤོབས་སྐྱེས་འོས་པའི་སྐལ་བཟང་ཞིག་ཏུ་གྱུར་ཡོད།
དེ་སྔོན་རྒྱ་གར་རྒྱལ་ཡོངས་འཛིན་གྲ་བཅུ་གཉིས་ཀྱི་ཡིག་རྒྱུག་ཆེན་མོའི་ནང་མ་སུ་རི་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ཀྱི་རྒྱུག་འབྲས་བརྒྱ་ཆ་དགུ་བཅུ་ལྷག་སོན་པ་དང། གཅེན་མོ་བསྟན་འཛིན་སྒྲོལ་མ་ཅིན་ནེའི་གཙུག་ལག་སློབ་གྲྭའི་སྒྱུ་རྩལ་གྱི་རྒྱ་གར་དང་བོད་པའི་སློབ་མ་དུ་མའི་ནང་ནས་རྩེ་ཕུད་ཨང་རིམ། དེ་བཞིན་གཅེན་མོ་བསྟན་འཛིན་གསལ་སྒྲོན་དང་བསྟན་འཛིན་སྒྲོལ་ མ་ནི་རྒྱལ་སྤྱིའི་མཐོ་སློབ་གྲགས་ཅན་གཉིས་ནང་ཤེས་ཡོན་གྱི་གོ་སྐབས་ཐོབ་པ། ཡང་སྒོས་གཅེན་མོ་བསྟན་འཛིན་སྒྲོལ་མ་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནང་ལས་སྣེ་ཡིན་པ་ནི་དགའ་སྤོབས་མཛད་རྗེས་དང་རྒྱལ་ཁབ་ཅིག་གི་མཛངས་མ་ངོ་མ་ཁོང་ཚོ་ཡིན། དེ་མ་ཟད་ཉེ་ཆར་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་མི་རིགས་སློབ་གྲྭའི་སློབ་མ་ཀུན་དགའ་རྒྱལ་མཚན་དང་རྟ་མགྲིན་ཞེས་པ་གཉིས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཨོ་ལིམ་པིག་བྱིས་པའི་མི་སྒྲིག་འཕྲུལ་ཆས་བཟོ་རྩལ་འགྲན་སྡུར་ཁྲོད་“ང་ཡི་གྲོང་ཁྱེར་”ཨང་དང་པོའི་བྱ་དགའ་བླངས་ཡོད་འདུག
ཐེངས་འདིའི་འཛམ་གླིང་རང་བཞིན་གྱི་འགྲན་སྡུར་ནང་རྒྱལ་ཁབ་སུམ་ཅུ་སོ་བདུན་ནང་ནས་བྱིས་པ་ཆིག་སྟོང་བརྒྱ་མེད་སུམ་ཅུ་ཞུགས་ཡོད་པའི་ནང་ཨང་རིམ་དང་པོ་སོན་ཡོད་པ་ནི་ཁོང་གཉིས་ཡིན། ངས་ཁོང་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་དགའ་བསུ་ཡོད། དེ་བཞིན་ཆབ་སྲིད་ལས་དོན་ནང་བོད་ནང་རང་ལུས་མེར་སྲེག་འབྱུང་བཞིན་པ་རྣམས་ནི་དགུང་ལོ་བཅུ་ཡན་ཆད་དང་དགུང་ལོ་ལྔ་བཅུ་མན་ཆད་ཡིན་པས། ཁོང་རྣམས་ཀྱི་བློ་སེམས་ནང་བོད་ཀྱི་གནས་བབས་ཤི་ལ་ཉེ་བས། ཁོང་རྣམས་མེས་པོ་རྣམས་ཀྱི་མཇུག་ཏུ་རང་མི་རིགས་འདི་མ་འོངས་པའི་རྒྱལ་སྤྱིའི་ནང་སྔོན་གྱི་བླ་ན་མེད་པའི་མིང་ཞིག་བཟོ་ཐབས་ལ་བརྩོན་པ་ནི་བོད་ནང་གི་གཞོན་སྐྱེས་ཚོ་ཡིན། དེ་བཞིན་བཙན་བྱོལ་ནང་ཆབ་སྲིད་ཀྱི་ལས་དོན་གང་རུང་ལ་གཞོན་སྐྱེས་ཕོ་མོ་རྣམས་ཀྱིས་སྙིང་སྟོབས་ལྡན་པའི་ངང་མཉམ་བཞུགས་གནང་གི་ཡོད་པ་རེད། དེ་བཞིན་སྐུ་ཞབས་རིན་པོས་རྐང་འཁོར་གྱི་ལས་འགུལ་དང་བོད་ཀྱི་གཞོན་སྐྱེས་ཤེས་རབ་ཚེ་རྡོར་གྱིས་ཉེ་ཆར་རྒྱ་གར་རྒྱལ་ས་རྡི་ལི་རུ་མི་ཚེ་གཅིག་རིང་ཟས་བཅད་ངོ་རྒོལ་གནང་ཡོད་ཀྱང། རྒྱལ་སྤྱི་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་ཁག་གིས་རྟག་པར་རེ་འདུན་ཞུས་པ་བཞིན་ཉིན་ཉི་ཤུ་ལྷག་ལས་འདུག་མ་བཅུག་ཀྱང། ཁོང་གི་བླ་ན་མེད་པའི་སྙིང་སྟོབས་ནི་ཆེས་གཟི་བརྗིད་དང་། ཁོང་གི་སྙིང་སྟོབས་ལ་བོད་ཀྱི་གཞོན་ནུ་ཡིན་པའི་ངོས་ནས་དགའ་མོས་ངང་རྗེས་སུ་ཡི་རངས་ཞུ་ཡི་ཡོད།
ད་ལྟའི་གནས་སྐབས་སུ། གཅེན་མོ་བསྟན་འཛིན་བདེ་སྐྱིད་སོགས་ནི། གཞི་རིམ་གྱི་སློབ་གྲྭ་གཅིག་གི་སློབ་ཚན་གྱི་རྨང་གཞི་གཅིག་གི་ནང་འཚར་ལོངས་ཡོང་བ་ཤ་སྟག་ཡིན་ཡང། ཁོང་རྣམས་ཀྱིས་གཟུགས་ཀྱི་འཚར་ལོངས་ཙམ་དུ་མ་ཟད་ཁྱོན་ཡོངས་ཀྱི་འཚར་ལོངས་གལ་ཆེན་ལ་བརྩིས་ཡོད་པ་རེད། སློབ་མས་ཤེས་བྱའི་རྣམ་གྲངས་སྦྱོང་བ་ནས་སྦྱོང་སྟངས་སྦྱོང་བ་གལ་ཆེན་དུ་བརྩིས་ནས་ད་ལྟ་ཆེ་བསྟོད་མི་སྣར་གྱུར་ཡོད། དེར་བརྟེེན་ང་དང་འདྲ་བའི་སློབ་གྲོགས་ཡོངས་ལ་བོད་འཛུགས་སྐྲུན་གྱི་ཆེད་ཁོང་ཚོ་འདྲ་བའི་མི་སྣ་ཁག་སྤྱི་ཚོགས་ནང་ཡོད་པ་མིག་དཔེ་ལ་འཛིན་བཞིན་ཡོད། ཡིན་ཡང་ང་ཚོས་དགྲ་རྒྱ་ནག་ལ་ཁ་གཏད་བྱེད་དགོས་པས་གྲངས་འབོར་གྱི་ཆ་ནས་ཧ་ཅང་ཉུང་དྲགས་ཡོད་པ་ང་ཚོས་མ་བརྗེད་སྙིང་བཅངས་བྱེད་དགོས། ཤེས་ཡོན་ཅན་གྱི་མི་སྣ་སྤྱི་ཚོགས་ནང་འཕེལ་རྒྱས་ཡོང་ཐབས་ནི་ཧ་ཅང་གི་གལ་འགངས་ཤིག་ཆགས་འདུག་ལ། རྒྱལ་སྤྱིའི་ནང་ཐོན་རན་ཡོད་པས་མཉམ་ཞུགས་ནུས་ལྡན་ཡོང་ཐབས་སུ། ཁྱིམ་ཚང་གིས་ཕ་མ་རྣམས་རང་གི་གཅེས་ཕྲུག་ལ་ཡ་རབས་བཟང་སྤྱོད་འབྲེལ་བའི་གདམ་ངག་དང་། ཕ་མ་རང་ཉིད་ཀྱིས་རྒྱུན་དུ་ཁྱིམ་ཚང་ནང་རྒྱལ་སྤྱི་དང། རང་ཉིད་ཀྱི་སྲོལ་རྒྱུན་དང་དེང་རབས་ཐོག་དོ་སྣང་ཡོད་པ་བྱེད་རྒྱུ་གལ་འགངས་ཆེ།
སློབ་མ་རང་ཉིད་ཀྱི་ངོས་ནས་གཞི་རིམ་སློབ་གྲྭ་ནས་མི་ཚེ་དོན་ལྡན་འཁྱོལ་ཐབས་ཀྱི་དམིགས་ཡུལ་བཟུང་ནས། གདེང་འཇོག་དང་བརྟག་ཞིབ་ལ་དགའ་བ། སྐད་ཡིག་གོང་འཕེལ་ལ་སྤྲོ་སྣང། སྤྱིའི་ལུས་ཀྱི་ཕྱི་ནང་གྱི་གཟུགས་ལ་དོ་སྣང་ཡོད་པ། བློ་རྒྱ་ཆེ་ཞིང་ཡར་རྒྱས་ལ་གོམས་པ་ཡོད་ན། སྐབས་བབ་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་ཅན་གྱི་མི་སྣ་དང་མ་འོངས་རང་ཁ་རང་གསོ་ཡོང་ཐུབ་པའི་གཞི་རྟེན་ཉག་གཅིག་ཡིན། ང་ཚོ་བོད་མི་ཡོངས་རྫོགས་ཀྱིས་སྤྱི་ཚོགས་ནང་གཟེངས་བསྟོད་མི་སྣ་ཁག་གལ་ཆེན་དུ་བརྩི་རྒྱུ་དང་ཆེ་མཐོང་བྱེད་རྒྱུ་ནི་ཧ་ཅང་གི་གལ་འགངས་ཤིག་ལ་བརྩི་དགོས། དེ་མིན་གྱི་སྤྱི་ཚོགས་ནང་མི་སྣ་གྲགས་ཅན་རྣམས་ལ་གུས་བཀུར་མ་བྱས་པས་རྒྱལ་སྤྱིའི་ནང་འགྲན་ཟླ་འོས་པ་བོད་ཀྱི་མཁས་པ་མང་པོ་གནས་སྟངས་སྐྱོ་བོའི་ངང་སྐུ་འདས་ཡོད་པ་རྣམས་ནི་རྒྱལ་རབས་ནང་ཡོད་པ་དང་ལོ་བརྒྱ་ཕྲག་མང་པོའི་གཏམ་ཞིག་མ་ཡིན། དེར་བརྟེན་མ་འོངས་བོད་གཞིས་བྱེས་ནང་སློབ་ཐོན་གྱི་མི་སྣ་གྲགས་ཅན་བྱུང་ནས་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཐོག་གཟེངས་བསྟོད་ཐུབ་པར་སྨོན། །