བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱས་ནས་མི་ལོ་༣༧ འཁོར་བ། 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་རེ་སྐུལ་ཞུས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་རེ་སྐུལ་ཞུས་སོང་།

ཟླ་༩ པའི་ཚེས་༡༠ ཉིན་ནི་བོད་ཀྱི་བུད་མེད་ལྷན་ཚོགས་དེ་བཞིན་བཙན་བྱོལ་དུ་སླར་གསོ་གནང་ནས་ལོ་ངོ་༣༧ འཁོར་བའི་ཉིན་མོ་ཡིན་པས། རྡ་ས་མེག་གྷན་དུ་ཉིན་མོ་དེ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་པ་དང་། དེ་གར་སྐུ་མགྲོན་གཙོ་བོ་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་དང་། དྷ་ས་ས་གནས་འགོ་འཛིན་ཀུན་དགའ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང་སོང་།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་སྤེལ་བའི་བསྒྲགས་གཏམ་ནང་དུ་འཁོད་དོན། “དེ་རིང་གི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ཐོག་མར་སྤྱིར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་དང་། ལྷག་པར་དུ་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་རྒྱལ་ཞེན་ལྷག་བསམ་ལྡན་པའི་ཆོལ་གསུམ་བུད་མེད་སྟོང་ཕྲག་བརྒལ་བས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གི་བཙན་འཛུལ་ལ་ཞི་བའི་ངོ་རྒོལ་གནང་སྟེ་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་མོ་རྣམས་ལ་རྗེས་དྲན་དང་ཁོང་རྣམ་པའི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་གུས་བཀུར་ཡི་རངས་ཞུ་རྒྱུ་ཡིན། དེ་བཞིན་བཙན་བྱོལ་ནང་ཆེས་དཀའ་ངལ་དང་མཐུན་རྐྱེན་ཞན་པའི་གནས་སྟངས་འོག་ཕྱི་ལོ་༡༩༨༤ ལོར་ཇི་ལྟར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་རླབས་ཆེན་གྱི་དགོངས་གཞིའི་ལམ་སྟོན་བཀའ་སློབ་ཕེབས་པ་ཇི་བཞིན་ཕྱི་ལོ་ ༡༩༨༤ ཟླ་༩ ཚེས་༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་ནང་སླར་གསོ་ཐུབ་པར་རྐང་འགན་བཞེས་མཁན་གྱི་བུད་མེད་ལྷག་བསམ་ཅན་རྣམས་ཀྱི་སྙིང་སྟོབས་ལའང་གུས་བཀུར་ཡི་རངས་དང་བཀྲིན་རྗེས་དྲན་ཞུ་ཡི་ཡོད་”ཅེས་འཁོད་འདུག

བུད་མེད་ལྷན་ཚོགས་ཀྱི་གཏམ་བཤད་ནང་འཁོད་པ་ལྟར་ན། ཉེ་བའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་ཚན་པ་དང་མཉམ་རུབ་ཐོག་ཕོ་མོ་དབྱེ་འབྱེད་དང་ཚུལ་མིན་གྱི་བརྙས་བཅོས་ཕོག་པའི་བུད་མེད་རྣམས་ལ་( རོགས་འབོད་འབྲེལ་ལམ་ལས་ཁུངས་)(Tibetan Women Helpline) བརྒྱུད་སློབ་གསོ་དང་ལམ་སྟོན་གྱི་མཐུན་འགྱུར་སྦྱོར་བཞིན་ཡོད་པ་དང། ལས་གཞི་དེ་དག་གི་གལ་གནད་ལ་གཞིགས་ཏེ་དབུས་རྒྱུན་ལས་གཅིག་དང་ལས་བྱེད་གསུམ་བསྐོ་བཞག་ཞུས་པ་དང་། ལས་ཁུངས་དེ་དག་དངོས་སུ་བཙུགས་ཏེ་ད་བར་དཀའ་ངལ་འཕྲད་པའི་བུད་མེད་གྲངས་༢༤ ཙམ་ལ་མཐུན་འགྱུར་སྦྱོར་ཐུབ་པ་བྱུང་ཡོད། འབྱུང་འགྱུར་རིམ་པས་ས་གནས་གཞན་དུའང་འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད།

བུད་མེད་ལྷན་ཚོགས་ཀྱི་གཏམ་བཤད་ནང་བོད་ནང་གི་གནས་སྟངས་སྐོར་འཁོད་དོན། “བོད་ནང་གི་ས་ཁུལ་གང་སར་རྒྱ་གཞུང་གིས་དྲག་གནོན་སྲིད་བྱུས་འོག་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་རྡོག་རོལ་གཏོང་བཞིན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ཡི་ཡོད། ཉེ་བའི་ཆར་ཀན་སུའི་ཞིང་ཆེན་ནང་ཡོད་པའི་མཁར་དམར་གཙོས་དགོན་པ་མང་པོ་བཙན་ཤེད་ཀྱིས་སྒོ་རྒྱབ་བཅུག་པ། སློབ་གྲྭ་སྒོ་རྒྱབ་བཅུག་པ་དང་བོད་ཡིག་སློབ་མཁན་གྱི་དགེ་རྒན་རྣམས་ནག་ཉེས་གང་ཡང་མེད་པའི་འོག་འཇུ་བཟུང་བཀག་ཉར་བྱས་པ། ཐ་ན་སྒེར་ལ་དབང་བའི་ལག་ཐོག་ཁ་པར་ཡང་གང་བྱུང་བསྔོགས་བཤེར། ཡུལ་སྲོལ་རྟ་རྒྱུགས་ཀྱི་འདུ་འཛོམས་བྱེད་མ་བཅུག་པ་མ་ཟད་༸གོང་ས་མཆོག་གི་སྐུ་པར་ཉར་བ་ཙམ་གྱིས་འཇུ་བཟུང་བཀག་ཉར་གྱིས་ཆེས་ཡ་ང་ལ་ཛ་དྲག་ཆེ་བའི་དྲག་གནོན་གྱི་སྲིད་བྱུས་ལག་བལྟར་བྱེད་མུས་ཡིན། རྒྱ་དམར་གྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་མུས་ཀྱི་གནས་སྟངས་ཛ་དྲག་ཐོག་རྒྱལ་སྤྱིའི་གནོན་ཤུགས་དང་དོགས་ཟོན་ཡོང་སླད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་སེམས་ཚོར་ཆེན་པོས་འབོད་སྒྲ་སྒྲོག་བཞིན་ཡོད་ལ། རྒྱལ་སྤྱིའི་རྒྱབ་སྐོར་བཀུག་ཐབས་སུ་འཛམ་གླིང་གི་དབུ་ཁྲིད་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་ཡིག་ཕུལ་བ་དང་འབྲེལ་ལས་འགུལ་གང་ཐུབ་སྤེལ་དང་སྤེལ་མུས་ཡིན། དེ་རིང་གི་ཉིན་མོ་འདི་བརྒྱུད་ང་ཚོས་འཛམ་གླིང་རྒྱལ་ཁབ་ཀྱི་དབུ་འཁྲིད་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ་”ཞེས་འཁོད་འདུག 

ད་ཆ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་འཛམ་གླིང་གི་གླིང་ཕྲན་ཨེ་ཤི་ཡ་དང་ཨ་རི། ཡུ་རོབ། ཨོ་སི་ཀྲོ་ལི་ཡབཅས་ནང་ས་གནས་ཡན་ལག་ཁག་༥༨ ཡོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྙིང་ཤོས་ཤིག་དང་ཆེ་གྲས་ཤིག་ཡིན་པ་མ་ཟད་བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ཚོགས་པ་གཅིག་པུ་དེ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།