བོད་ཀྱི་ཚོགས་པ་ཆེ་ཁག་བཞིས་སྤྱི་འཐུས་ནང་འགྲིག་ཡོང་བའི་“ལས་འགུལ་”མཚམས་འཇོག་བྱས།
བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིས་བོད་སྤྱི་པའི་ཁེ་ཕན་ཆེད་དུ་འབྲེལ་ཡོད་རྣམས་ལ་ནང་ཁུལ་འགྲིག་མཐུན་ཡོང་བའི་རེད་སྐུལ་ཞུས་ཀྱང་། “ངེད་ཅག་གིས་སྟོན་པའི་རེ་སྐུལ་ལ་ནུས་པ་ཐོན་ཐབས་མེད་པའི་གནད་དོན་གསལ་ཤེས་བྱུང་བར་བརྟེན། དེ་རིང་ནས་རེ་སྐུལ་དེ་དག་དང་འབྲེལ་བའི་ལས་རིམ་མཚམས་འཇོག་ཞུ་རྒྱུ་ཡིན་”ཞེས་གསལ་བསྒྲགས་སྤེལ་སོང་།
བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིས་བོད་སྤྱི་པའི་ཁེ་ཕན་ཆེད་དུ་འབྲེལ་ཡོད་རྣམས་ལ་ནང་ཁུལ་འགྲིག་མཐུན་ཡོང་བའི་རེད་སྐུལ་ཞུས་ཀྱང་། “ངེད་ཅག་གིས་སྟོན་པའི་རེ་སྐུལ་ལ་ནུས་པ་ཐོན་ཐབས་མེད་པའི་གནད་དོན་གསལ་ཤེས་བྱུང་བར་བརྟེན། དེ་རིང་ནས་རེ་སྐུལ་དེ་དག་དང་འབྲེལ་བའི་ལས་རིམ་མཚམས་འཇོག་ཞུ་རྒྱུ་ཡིན་”ཞེས་གསལ་བསྒྲགས་སྤེལ་སོང་།
དེ་རིང་ཞོགས་པར་དྷ་སའི་བོད་ཀྱི་ནོར་བུ་གསོལ་མགྲོན་ཁང་དུ་སྐོང་འཚོགས་བྱས་པའི་གསར་འགོད་ལྷན་ཚོགས་དེའི་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིས། དེ་སྔོན་སྐབས་༡༧ པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་། འཛིན་སྐྱོང་བཀའ་ཤག་གིས་བཀའ་བློན་བསྐོ་བཞག་གནང་མ་ཐུབ་པ་སོགས་ཀྱི་གནས་སྟངས་སེལ་བའི་ཆེད་དུ་འབྲེལ་ཡོད་དབུས་འོས་བསྡུ་ལྷན་ཁང་གིས་གཙོས་སྤྱི་འཐུས་རྣམས་ལ་རེ་སྐུལ་ཞུས་པར་“ནུས་པ་ཐོན་ཐབས་མེད་”པར་བརྟེན། “དེ་རིང་ནས་རེ་སྐུལ་དེ་དག་དང་འབྲེལ་བའི་ལས་རིམ་མཚམས་འཇོག་ཞུ་རྒྱུ་ཡིན་”ཞེས་བརྗོད་སོང་།
འདི་ལོའི་ཕྱི་ཟླ་༦ ཚེས་༨ ཉིན་སྐབས་༡༧ པའི་སྤྱི་འཐུས་རྣམ་པ་དམ་འབུལ་ཞུ་བའི་མཛད་སྒོ་ཞིག་གངས་སྐྱིད་ཀྱི་སྤྱི་འཐུས་ལས་ཁུངས་སུ་འཚོགས་ཡོད་ན་ཡང་། སྐབས་དེར་སྤྱི་འཐུས་ཤོག་ཁག་གཉིས་སུ་བྱེ་ནས་ཤོག་ཁག་གཅིག་གིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གི་མདུན་ནས་དམ་འབུལ་བྱས་ན་ཡང་། ཤོག་ཁག་གཞན་དེས་བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་བྱས་པ་དེ་ཁྲིམས་མཐུན་ལ་ངོས་ལེན་མ་བྱས་པར་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་བྱས་ཡོད་པ་རེད།
དེ་ལྟར་སྤྱི་འཐུས་ཤོག་ཁག་གཉིས་སུ་བྱེ་བའི་རྗེས། ཕྱོགས་གཉིས་ཀས་སོ་སོའི་ལངས་ཕྱོགས་ཁོ་ན་བཟུང་སྟེ་“དབུ་མའི་ལམ་ཞིག་”འཚོལ་མ་ཐུབ་པར་བརྟེན། སྐབས་༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐུབ་མེད་པ་དང་། དེའི་དབང་གིས་སྐབས་༡༦ པའི་བཀའ་ཤག་གི་བཀའ་བློན་རྣམས་ཀྱང་བསྐོ་མ་ཐུབ་པར་ལུས་ཡོད་པས། བཙན་བྱོལ་བོད་གཞུང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད།
ཟླ་འདིའི་ཚེས་༤ ཉིན་གོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། སྐབས་༡༧ པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་། འཛིན་སྐྱོང་བཀའ་ཤག་གིས་བཀའ་བློན་བསྐོ་བཞག་གནང་མ་ཐུབ་པ་སོགས་ཀྱི་གནས་སྟངས་སེལ་བའི་ཆེད་དུ་འབྲེལ་ཡོད་དབུས་འོས་བསྡུ་ལྷན་ཁང་གིས་གཙོས་པའི་སྤྱི་འཐུས་རྣམས་སྤྱི་དོན་ཆེད་དུ་ཕན་ཚུན་འགྲིག་མཐུན་ཡོང་བའི་་རེ་སྐུལ་དོན་ཚན་གསུམ་དང་། དེ་བཞིན་མི་མང་ལ་རེ་སྐུལ་དོན་ཚན་གཅིག་ཞུས།
ཡིན་ན་ཡང་། དེ་རིང་གི་གསར་འགོད་ལྷན་ཚོགས་སྟེང་། ཚོགས་པ་བཞིས་“འབྲེལ་ཡོད་ཕྱོགས་ཚང་མའི་སྤྱི་དོན་ལ་དགོངས་བཞེས་ཀྱི་ནང་ཁུལ་ལེ་འགྲིག་ཅིག་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་ཞུ་བྱས་ཀྱང་ངེད་ཅག་གིས་སྟོན་པའི་རེ་སྐུལ་ལ་ནུས་པ་ཐོན་ཐབས་མེད་པའི་གནད་དོན་གསལ་ཤེས་བྱུང་བར་བརྟེན། དེ་རིང་ནས་རེ་སྐུལ་དེ་དག་དང་འབྲེལ་བའི་ལས་རིམ་མཚམས་འཇོག་ཞུ་རྒྱུ་ཡིན་”ཞེས་བརྗོད་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།