བོད་ཀྱི་འཆི་གསོན་དང་རང་བཙན།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༠༦ གི་ཆེད་བརྗོད།
ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་ཕྱི་ཟླ་༧ ཚེས་༡༣ ནས་༡༥ བར་འཚོགས་འདུག་པ་ནི་རྒྱལ་སྤྱིའི་སྟེང་རྣམ་འགྱུར་གལ་ཆེན་ཞིག་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག གཙོ་ཆེ་ཤོས་ཚོགས་ཆེན་འདི་ལྟ་བུ་བརྒྱུད་བོད་ཀྱི་ས་གནས་གང་སར་བོད་རང་བཙན་སླར་གསོའི་ལས་འགུལ་མང་དུ་གཏོང་ཐུབ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་ནི་དེ་བས་ཀྱང་གལ་ཆེན་པོར་གྱུར་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཐབ་རྩོད་ཀྱི་བསམ་བློ་དང་། རྒྱ་དམར་གཞུང་ལ་འཁོན་འཛིན་གྱི་བསམ་བློ་མང་དུ་གཏོང་ཐུབ་དང་མི་ཐུབ་ནི་འཐབ་རྩོད་ཀྱི་འགག་རྩ་གཙོ་བོར་གྱུར་ཡོད་པ་ལས། བོད་པ་ནང་ཁུལ་དུ་ལངས་ཕྱོགས་ཀྱི་རྩོད་པ་མང་པོ་རྒྱག་ཐུབ་པ་ཙམ་གྱིས་བོད་རང་བཙན་སླར་གསོ་བྱེད་མི་ཐུབ་ལ། དབུ་མའི་ལམ་གྱི་སྲིད་བྱུས་མངོན་འགྱུར་མི་ཐུབ་པ་དེ་ཡང་འདས་པའི་མི་ལོ་སུམ་ཅུ་ལ་ཉེ་བའི་རིང་གི་ཉམས་མྱོང་ཐོག་ནས་གསལ་པོ་ཤེས་ཐུབ་པ་ཞིག་རེད། ཕྱི་ལོ་༢༠༠༢ ཙམ་ནས་བོད་རྒྱའི་འབྲེལ་བ་བསྐྱར་མཐུད་བྱུང་བ་ནས་བཟུང་། བཙན་བྱོལ་སྤྱི་ཚོགས་སུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྟངས་དང་། སྐད་འབོད་རྒྱག་སྟངས་སོགས་ཕྱོགས་གང་ཐད་ནས་གྲོས་མོལ་གྱི་ཁོར་ཡུག་བསྐྲུན་དགོས་པའི་སྲིད་བྱུས་དམ་པོ་བཟུང་སྟེ། སྤྱི་ཚོགས་ནང་དྲིལ་བསྒྲགས་གང་མང་བྱས་པའི་ཤུགས་རྐྱེན་ལ་བརྟེན་ནས་འགྱུར་བ་ཆེན་པོ་ཕྱིན་པ་དང་། དེ་ལ་བརྟེན་ནས་བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་རྣམས་ལ་སྤྱི་ཚོགས་ནང་ལྟ་སྟངས་སྡུག་ཏུ་སོང་ཡོད། རྒྱ་གཞུང་ལ་རེ་བ་མེད་པའི་བསམ་ཚུལ་ཙམ་བཤད་ནའང་༧གོང་ས་མཆོག་ལ་སྐུར་འདེབས་ཡིན་ཚུལ་གྱི་གླེང་ཕྱོགས་བཟོ་བ་དང་། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང་། ༧གོང་ས་མཆོག་ལ་མཚན་སྨོད་དང་སྐུར་འདེབས་ཇི་ལྟར་བྱས་ཀྱང་། དབུ་མའི་ལམ་ལ་བཟང་ཕྱོགས་ཀྱི་རེ་བ་ཆེན་པོ་ཡོད་པ་མ་ཟད། མངོན་འགྱུར་ཡོང་ལ་ཉེ་བའི་འགྲེལ་བརྗོད་བྱེད་མཁན་བོད་མི་རེ་ཟུང་ཡང་བྱུང་ཡོད།
དོན་དངོས་སུ་རྒྱལ་སྤྱིའི་སྟེང་བོད་དོན་འཐབ་རྩོད་གསོན་པོར་གནས་ཐུབ་མིན་དང་། བོད་མི་ན་གཞོན་ཚོར་རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་དང་། བོད་དོན་འཐབ་རྩོད་ལ་སེམས་ཤུགས་བསྐྲུན་ཐབས། བོད་པའི་སྤྱི་ཚོགས་རྡོག་རྩ་གཅིག་སྒྲིལ་ཡོང་ཐུབ་མིན་གཙོ་བོ་ནི། བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་ཐུབ་མིན་ལ་རག་ལས་ཡོད། ད་ཆ་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་གཞུང་གི་འགོ་འཁྲིད་དང་དམར་ཤོག་གི་ལམ་ལུགས་འོག་གནས་རྒྱུ་དེ་ཡིན་པས། བོད་མི་ན་གཞོན་རྣམས་ལ་རྒྱལ་ཞེན་གྱི་བསམ་བློ་བསྐྲུན་ཐབས་མེད་ལ། གལ་སྲིད་རྒྱལ་ཞེན་གྱི་བསམ་བློ་ཞིག་བསྐྲུན་དགོས་ན་རྒྱ་ནག་རྒྱལ་ཁབ་ཀྱི་རྒྱལ་ཞེན་ཙམ་དུ་འགྱུར་རྒྱུ་ལས་མེད། དེ་བས་བོད་རང་བཙན་སླར་གསོ་ནི། ཤི་བོའི་ཁ་ཆེམས་དང་། གསོན་པོའི་རེ་བ་ཡིན་པའི་སློབ་གསོ་དང་ལངས་ཕྱོགས་མི་རབས་གསར་པའི་རྒྱུད་ལ་འཇོག་ཐུབ་ན། དུས་ཡུན་རིང་ཐུང་ལ་མ་ལྟོས་པར་བོད་དོན་བདེན་མཐའ་གསལ་ངེས་པ་ལས། གཞན་བོད་གསོན་པོར་གནས་ཐུབ་པའི་གོ་སྐབས་དང་རེ་བ་གཉིས་ཀ་མེད།
ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་ནས་བོད་དོན་ཆེད་གཏན་འབེབས་བྱས་པའི་ཁྲིམས་ཡིག་ནང་། “ཨ་རིའི་གཞུང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་ལངས་ཕྱོགས་ནམ་ཡང་འཛིན་མྱོང་མེད།”ཅེས་དང་། “རྒྱ་གཞུང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་པའི་བཤད་སྟངས་དེ་ལོ་རྒྱུས་ཀྱི་ཐོག་ནས་བདེན་པ་མ་རེད།”ཅེས་གསལ་སྟོན་བྱས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དོན་ཆེད་བཞག་པའི་གྲོས་ཆོད་ཨང་༢༦༢༥ པ་ལུང་དྲངས་ནས། “རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་མི་རིགས་ཤིག་གིས་རང་ཉིད་ཀྱི་ལས་དོན་ཐག་གཅོད་བྱ་རྒྱུའི་ཁེ་དབང་ཡིན་ལ། ཁེ་དབང་དེ་ལག་བསྟར་བྱེད་སྐབས་རང་བཙན་དང་མཉམ་འབྲེལ་སོགས་ཀྱི་མཇུག་འབྲས་སྣ་ཚོགས་ཡོང་ཆོག་ལ། རང་སྐྱོང་གི་རྣམ་པ་གང་རུང་ངམ། ཡང་ན་རྒྱལ་ཁབ་ཅིག་དང་ཡོངས་སུ་ཁ་བྲལ་བ་བཅས་ལ་སྲུང་སྐྱོབ་བྱ་དགོས།”ཞེས་འཁོད་ཡོད་པས། བོད་པས་རྩོད་ལེན་བྱེད་ཐུབ་ན་རྒྱལ་སྤྱིའི་སྟེང་ཁོར་ཡུག་རྒྱ་ཆེ་རུ་བཏང་འདུག
མདོར་ན་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་དོན་འཐབ་རྩོད་ཀྱི་ཉམས་མྱོང་དང་། ད་ལྟ་རྒྱལ་སྤྱིའི་ཁ་ཕྱོགས་བཅས་གང་ཐད་ནས་བོད་རང་བཙན་སླར་གསོའི་ལས་འགུལ་དང་། ལངས་ཕྱོགས་བརྟན་པོ་ཞིག་འཛིན་མ་ཐུབ་ན་འཐབ་རྩོད་ལ་ནུས་པ་ཐོན་དཀའ་བའི་གནས་སུ་གྱུར་འདུག རེ་ཟུང་གིས་ཕྱི་ལོ་༡༩༥༩ ནས་༡༩༧༩ བར་བོད་རང་བཙན་སླར་གསོའི་ལངས་ཕྱོགས་བཟུང་བར་ནུས་པ་གང་ཡང་ཐོན་མེད་ཅེས་ཟེར་ཡང་། སྐབས་དེར་བཙན་བྱོལ་བོད་མི་རྣམས་ལ་འཚོ་བའི་དཀའ་ངལ་ཆེན་པོ་ཡོད་པ་དང་། ཕྱིའི་སྐད་ཡིག་རིག་གནས་ཐོག་ནས་ཤེས་ཚད་ལྡན་པའི་མི་སྣ་ཧ་ཅང་དཀོན་ཡང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་སྔ་རྗེས་འཇོག་ཐུབ་ཡོད། རྒྱ་གཞུང་དང་མཉམ་གནས་བྱ་རྒྱུའི་ལངས་ཕྱོགས་བཟུང་ནས་མི་ལོ་ལྔ་བཅུ་ལ་ཉེ་བའི་རིང་དེ་ལྟ་བུའི་ཤུགས་རྐྱེན་ཆེན་པོ་གང་ཡང་ཐེབས་ཐུབ་མེད་ཀྱང་། ད་ལྟའི་ཆར་འགྱུར་བ་གསར་པ་འདི་ལ་ཚང་མས་དོ་སྣང་དང་འབད་བརྩོན་ཆེ་རུ་བཏང་ནས་གོ་སྐབས་དམ་འཛིན་དགོས་པའི་དུས་ལ་བབ་ཡོད།།