བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་གོ་སྒྲིག་གནང་སོང་།

ཟླ་༡༠ པའི་ཚེས་༢༧ ཉིན་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་ཞིག་གོ་སྒྲིག་གནང་སོང་བ་དང་། འགྲེམས་སྟོན་བྱེད་མཁན་ནི་ལ་དྭགས་བོད་ཁྱིམ་རེད་འདུག་པ་དང་། དེའི་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་མང་ཆེ་བ་ནི་འབྲོག་པའི་ཕྲུ་གུ་ཡིན་འདུག 

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་གྱིས། བོད་ཀྱི་འབྲོག་པ་དེ་ལོ་སྟོང་ཕྲག་སྔོན་གྱི་ལུགས་སྲོལ་དང་། བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་བོད་ས་མཐོ་འབྱུང་ཁམས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ལུགས་སྲོལ་ཆགས་ཀྱི་འདུག དེ་སྔ་ཕྱི་ལོ་ ༡༩༥༩ གོང་ལ་བོད་ཀྱི་འབྲོག་པའི་མི་འབོར་ཉམས་ཞིབ་བྱས་པ་ཡིན་ན། བོད་ཀྱི་འབྲོག་པའི་མི་འབོར་དེ་ཧ་ལམ་ས་ཡ་ ༣ དང་འབུམ་ ༢ ལྷག་ཙམ་ཡོད་པའི་ཁྲོད། ས་ཡ་ ༢ དང་འབུམ་ ༢ ལྷག་ཙམ་ནི་འབྲོག་པ་ཡིན་པ་དང་ས་ཡ་ ༡ ལྷག་ཙམ་ནི་ས་མ་འབྲོག་ཡིན་པས། བོད་པའི་མི་འབོར་གྱི་ཆ་ནས་བཤད་ན་བརྒྱ་ཆ་ ༥༠ ལྷག་ཙམ་ཞིག་འབྲོག་པ་ཆགས་ཀྱི་འདུག དེར་བརྟེན་ང་ཚོས་འབྲོག་པའི་བསྟི་གནས་ནི་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་སོགས་བོད་ཀྱི་བསྟི་གནས་ཆེ་ཤོས་ཤིག་དང་བརྩི་བཀུར་ཞུ་དགོས་པ་ཞིག་ཆགས་ཀྱི་འདུག ད་དུང་བོད་ཀྱི་འབྲོག་པའི་འཚོ་བ་ནི་རང་ཁ་རང་གསོའི་འཚོ་བ་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་སྐོར་དང་། ད་ལྟའི་ཆར་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་ཡི་ཡོད་པས། ཚན་རིག་པ་དང་མཁས་པ་མང་པོས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པ་བཤད་ཀྱི་ཡོད་པ་རེད། འོན་ཀྱང་། འབྲོག་པའི་འཚོ་བའི་ནང་དུ་ལོ་ངོ་སྟོང་ཕྲག་སྔོན་ནས་ཤིང་ནགས་གཅོད་བྲེག་དང་མེར་སྲེག་གཏོང་གི་མེད་པ་དང་། ཆུ་མིག་དང་རྒྱུག་ཆུ་སོགས་སྦག་བཙོག་མི་བཟོ་བ་སོགས་ཁོར་ཡུག་སྲུང་སྐྱོབ་བྱས་དང་བྱེད་མུས་ཡིན་སྐོར། ད་ལྟའི་ཆར་རྒྱ་ནག་གཞུང་གི་སྲིད་ཇུས་ངན་པ་ལ་བརྟེན་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཉམ་ཆག་འགྲོ་བཞིན་ཡོད་པ་དང་། འབྲོག་པ་ཇེ་ཉུང་དུ་ཕྱིན་ཡོད་པ་དང་རིམ་པས་རྩ་བརླག་ཏུ་འགྲོ་ཉེན་ཆེ་བས། བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ཀྱི་འབྲོག་པའི་སྐོར་གྱི་དུས་ཐུང་འགྲེམས་སྟོན་དེ་མུ་མཐུད་དུ་གནང་རྒྱུ་དང་། མ་འོངས་པར་དུས་ཐུང་འགྲེམས་སྟོན་འདི་སྐོར་སྐྱོད་འགྲེམས་སྟོན་ལ་བསྒྱུར་རྒྱུའི་ཐབས་ལམ་སྒྲིག་བཞིན་ཡོད་ལ། ད་ལྟ་འབྲོག་པའི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། མ་འོངས་པར་འབྲོག་པའི་རིག་གནས་ཉར་ཚགས་བྱ་རྒྱུ་དང་། དེའི་ཐོག་ལ་ཐབས་ལམ་གསར་པ་འཚོལ་རྒྱུའི་འབད་བརྩོན་གནང་གི་ཡོད་ཅེས་གསུངས་སོང་།

ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་བསྟན་འཛིན་རབ་བརྟན་གྱིས། བོད་ཀྱི་འབྲོག་པའི་སྐོར་གྱི་འགྲེམས་སྟོན་དེ་ལོ་གཉིས་སྔོན་ནས་གྲ་སྒྲིག་བྱས་པའི་འགྲེམས་སྟོན་ཞིག་ཡིན། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་གི་གཙོ་འཛིན་དང་མཛད་གཙོ་རྣམ་པས་ང་ཚོར་མངགས་བྱ་ནན་པོ་གནང་ཡོད་པ་རེད། དེ་ཡང་ལ་དྭགས་སུ་ལ་དྭགས་ཀྱི་སློབ་ཕྲུག་དང་འབྲོག་པར་འབྲེལ་བ་ཡོད་པར་བརྟེན། ཐེངས་འདིའི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་ཆེན་དང་བརྟན་བཞུགས་སྐབས། འབྲོག་གཞས་དང་འབྲོག་པའི་འཚོ་བ་སྐྱེལ་སྟངས་སྐོར་ལ་གྲ་སྒྲིག་གནང་དགོས་པའི་ལམ་སྟོན་གནང་བ་ལྟར། ལ་དྭགས་བོད་ཁྱིམ་སློབ་གྲྭའི་རིག་གཞུང་ཚོགས་ཆུང་གི་གོ་སྒྲིག་འོག་འབྲོག་པའི་སྐོར་ལ་ཉམས་ཞིབ་བྱེད་མཁན་གྱི་ཚོགས་ཆུང་བཙུགས་ཡོད་པས། རྒན་ལགས་རྣམ་པ་ཚོའི་བཀའ་དྲིན་གྱིས་དེ་རིང་ང་ཚོས་འབྲོག་པའི་སྐོར་གྱི་འགྲེམས་སྟོན་བྱེད་ཐུབ་སོང་། འགྲེམས་སྟོན་འདིའི་ནང་དུ་ང་ཚོས་བཟོ་བཅོས་བྱས་པ་གཅིག་ཀྱང་མེད་ལ། དོན་དངོས་སུ་འབྲོག་པས་ག་རེ་གནང་གི་ཡོད་པ་དེ་བསྟན་ཡོད། ལྷག་པར་དུ་འདིའི་ནང་དུ་མཉམ་ཞུགས་བྱེད་མཁན་གྱི་སློབ་ཕྲུག་ཕལ་ཆེ་བ་འབྲོག་པའི་ཕྲུ་གུ་ཡིན་པ་དང་། ཞིབ་འཇུག་གནང་མཁན་གྱི་དགེ་རྒན་དེ་དག་ཀྱང་འབྲོག་པ་ཡིན་ལ་ད་ལྟ་ལས་བྱེད་གནང་བཞིན་པ། ཡང་ན་འབྲོག་པའི་འཚོ་བའི་ནང་རྒྱུན་རིང་པོར་དུས་ཚོད་གཏོང་མཁན་ཡིན་པས། རྒན་ལགས་དེ་དག་གིས་ཞིབ་འཇུག་བྱས་ནས་ཕྲུ་གུར་བེད་སྤྱོད་གཏོང་སྟངས་དང་མིང་བསླབ་པ་སོགས་བརྒྱུད་ནས་སློབ་སྦྱོང་བྱས་ཏེ་འགྲེམས་སྟོན་བྱེད་རྒྱུའི་གོ་སྐབས་རག་སོང་ཞེས་དང་། སྤྱིར་བཏང་ཕྱི་ལོ་ ༡༩༦༠ ལོར་བོད་མི་ཚོ་ལ་དྭགས་བྱང་ཐང་ཁུལ་ནས་བཙན་བྱོལ་དུ་ཡོང་བ་རེད། སྐབས་དེ་དུས་འབྲོག་པ་ཕལ་ཆེར་ ༥༠༠ ལྷག་ཡོད་ས་རེད། འོན་ཀྱང་། ད་ལྟའི་ཆར་འབྲོག་པ་ཇེ་ཉུང་དུ་ཕྱིན་ནས་འབྲོག་པ་ ༡༠༠ ཙམ་ལས་མི་འདུག་ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་བོད་ནང་འབྲོག་པའི་རིག་གཞུང་དང་གོམས་སྲོལ་ཐོག་ཉེན་ཁ་འཕྲད་བཞིན་པའི་སྐབས་ང་ཚོས་དེ་གལ་ཆེན་པོ་བརྩིས་ཏེ་བོད་ཀྱི་འབྲོག་པའི་སྐོར་འགྲེམས་སྟོན་གནང་བ་དེ་དུས་དང་འཚམ་པ་ཆགས་ཀྱི་འདུག དེ་བཞིན་ལ་དྭགས་བོད་ཁྱིམ་ཀྱིས་གོ་སྒྲིག་གནང་བའི་དུས་ཐུང་འགྲེམས་སྟོན་ནང་སློབ་ཕྲུག་ ༢༦ མཉམ་ཞུགས་གནང་འདུག་པ་དང་། སློབ་ཕྲུག་རྣམས་ཀྱིས་དོ་དབྱིངས་དང་སྤོབས་པ་ལྡན་པའི་ཐོག་འཁྲབ་སྟོན་དང་དོ་སྣང་གནང་བ་མཐོང་དུས་དགའ་ཚོར་ཆེན་པོ་བྱུང་། གཞོན་སྐྱེས་རྣམས་ང་ཚོའི་འཐབ་རྩོད། རིག་གཞུང་སྲུང་སྐྱོབ་དང་རྒྱུན་སྐྱོང་ཐད་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱལ་ཁབ་ཅིག་གམ་སྤྱི་ཚོགས་ཤིག་གི་ཁ་ཕྱོགས་གང་དུ་སྒྱུར་དང་མ་སྒྱུར། རྒྱལ་ཁབ་ཀྱི་ཡར་རྒྱས་ཚད་གཞི་གང་ལ་སླེབས་མ་སླེབས་དེ་ཆ་ཚང་གཞོན་སྐྱེས་ལ་རག་ལུས་ཡོད་སྟབས། དེ་རིང་འདིར་གཞོན་སྐྱེས་ཀྱི་མཉམ་ཞུགས་ཚད་མཐོ་པོ་འདུག་པར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།

འགྲེམས་སྟོན་སྐབས་སུ་སློབ་ཕྲུག་ཁག་ཅིག་གིས་འབྲོག་པའི་ཆས་གོས་སྤྲས་ཏེ་རྩམ་པ་བསྔོས་སྟངས་དང་། ཐགས་ལས། དེ་བཞིན་འབྲོག་པའི་དཀར་ལས་དང་སྒོ་ཕྱུགས་སེམས་ཅན་གྱི་སྤུ་བལ་བྲེགས་པ་སོགས་གནང་སྟེ་འབྲོག་པའི་འཚོ་བ་སྐྱེལ་སྟངས་གསལ་བཏོན་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།