བོད་ཀྱི་རྐང་སྤོལ་སྦྱོང་བརྡར་བསྟི་གནས་ཁང་ཞིག་གསར་འཛུགས་བྱེད་འཆར་འདུག 

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཆེད་ལས་ཀྱི་ཐོག་ནས་རྐང་སྤོལ་རྩེ་མཁན་མང་དུ་གཏོང་ཆེད་དུ། རྐང་སྤོལ་སྦྱོང་བརྡར་བསྟི་གནས་ཁང་ཞིག་གསར་འཛུགས་བྱེད་འཆར་ཡོད་པ་རེད་འདུག 

 

དེ་ཡང་ཟླ་༨ པའི་ཚེས་༢ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བརྙན་ཐུང་ཞིག་སྤེལ་འདུག་པ་དང་། དེའི་ནང་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་གྱིས་གསུང་དོན། སྤྱིར་བཏང་ནས་རྐང་རྩེད་སྤོ་ལོ་ཐོག་ནས་མི་ཚེའི་མདུན་ལམ་བཟོ་རྒྱུའི་གོ་སྐབས་མང་པོ་ཞིག་ཡོད་པ་རེད་དེ། ང་ཚོའི་སྤྱི་ཚོགས་ནང་དུ་རྐང་རྩེད་སྤོ་ལོ་ཐོག་ནས་མི་ཚེའི་མདུན་ལམ་བཟོ་རྒྱུའི་བསམ་བློ་གཏོང་མཁན་ཉུང་ཉུང་ཆགས་བསྡད་འདུག ངས་བལྟས་ན་དེ་འདྲ་ཡོང་དོན་ནི་ང་ཚོར་གོ་སྐབས་མ་རག་པའི་རྐྱེན་རེད་བསམ་གྱི་འདུག གལ་སྲིད་ང་ཚོའི་ཕྲུ་གུ་ཚོར་རྐང་རྩེད་སྤོ་ལོའི་བསྟི་གནས་ཁང་ཞིག་བྱུང་བ་ཡིན་ན། ལོ་ཁ་ཤས་ནང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཡང་རྐང་རྩེད་སྤོ་ལོ་ཐོག་སྙན་གྲགས་ཅན་མང་པོ་ཞིག་ཐོན་པའི་རེ་བ་ཤུགས་ཆེན་པོ་མཐོང་གི་འདུག་པས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ལ་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་བསྟི་གནས་ཁང་ཞིག་གསར་འཛུགས་བྱེད་རྒྱུ་གཏན་ཁེལ་སོང་། བསྟི་གནས་ཁང་དེའི་ས་ཆ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁང་གིས་རྒྱབ་སྐྱོར་གནང་སོང་བ་དང་། ས་ཆའི་རྒྱ་ཁྱོན་ཁྱོན་བསྡོམས་དེ་ཕུ་ཊུ་གྲུ་བཞི་མ་༡༥༠༠༠ ཡོད་པ་ནས་༡༢༠༠༠ དེ་རྩེད་ཐང་བཟོ་རྒྱུ་དང་། གཞན་རྣམས་ཚོང་ཁང་དང་གསང་སྤྱོད། ཇ་ཁང་། གཟིགས་མོ་བའི་སྡོད་གནས་སོགས་བཟོ་རྒྱུ་ཡིན་པས། མི་མང་ངོས་ནས་དཔལ་འབྱོར་ཐོག་རྒྱབ་སྐྱོར་གང་མང་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག 

བརྙན་ཐུང་ནང་དུ་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་ཟུར་པ་རྟ་མགྲིན་ཚེ་རིང་དང་། བསོད་ནམས་སྟོབས་རྒྱལ། བློ་བཟང་བཅས་ནས། བོད་མི་རྐང་སྤོལ་ཆེད་ལས་པ་ཐོན་དགོས་ཀྱི་ཡོད་ན་སྦྱོང་བརྡར་ཡག་པོ་ཐོབ་དགོས་ཀྱི་ཡོད་པ་དང་། སྦྱོང་བརྡར་ཡག་པོ་ཐོབ་པར་རྩེད་ཐང་ཡག་པོ་དང་སྦྱོང་བརྡར་གྱི་བསྟི་གནས་ཁང་དགོས་པ་གལ་ཆེན་ཆགས་ཡོད་པས། མི་མང་ཚོས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ལས་འཆར་དེར་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།