བོད་ཀྱི་རྒྱལ་དར་སྐོར་རྒྱལ་སྤྱིའི་ནང་ཤེས་རྟོགས་ཡོད་ཚུལ་གྱི་དཔེ་མཚོན་གསར་པ་དག་གསལ་བའི་ཆེད་རྩོམ་གངས་སེང་གི་ངོས་འཛིན།
སྐབས་བབ་ཆེད་རྩོམ་འདི་ཐོག་མ་ཕྱི་ལོ་ ༢༠༢༡ ཟླ་བ་ ༣ པའི་ཚེས་ ༩ ཉིན་གྱི་ The Tibetan Reviewནང་པར་སྐྲུན་བྱས་ཡོད་པ་དང་། ཆེད་རྩོམ་དེ་ཉིད་ལ་ཁ་གསབ་གསར་སྣོན་ཕྲན་བུ་བྱས་ཏེ་བོད་བསྒྱུར་གཤམ་དུ་བཀོད།
རྩོམ་པ་པོ། ནིཀ་གུ་ལོ་ཊ།
སྐབས་བབ་ཆེད་རྩོམ་འདི་ཐོག་མ་ཕྱི་ལོ་ ༢༠༢༡ ཟླ་བ་ ༣ པའི་ཚེས་ ༩ ཉིན་གྱི་ The Tibetan Reviewནང་པར་སྐྲུན་བྱས་ཡོད་པ་དང་། ཆེད་རྩོམ་དེ་ཉིད་ལ་ཁ་གསབ་གསར་སྣོན་ཕྲན་བུ་བྱས་ཏེ་བོད་བསྒྱུར་གཤམ་དུ་བཀོད།
ཆེས་བཙན་པའི་བོད་ཀྱི་ཡུལ་ལྗོངས་ཀྱི་གནས་སྟངས་དང་ཁེར་རྐྱང་རང་དགར་དུ་གནས་པའི་སྲིད་བྱུས་ལྡན་ཡང་། བོད་ཀྱི་རྒྱལ་དར་དེ་ནི་དུས་རབས་ ༢༠ པའི་ཕྱེད་གོང་མའི་སྐབས་ཉིད་དུ་རྒྱལ་སྤྱིའི་ནང་ངོས་འཛིན་དང་ཡོངས་གྲགས་སུ་གྱུར་ཟིན་པ་ཞིག་ཆགས་ཡོད། གནས་ཚུལ་འདིའི་རྒྱབ་རྟེན་དུ་ཁུངས་ལྡན་གྱི་དཔང་རྟགས་འདང་ངེས་ཤིག་ཡོད་ཀྱང་རྒྱ་ནག་གཞུང་ནས། བོད་ཀྱི་རྒྱལ་དར་དེ་ནི་ཏཱ་ལའི་བླ་མ་དང་ཁོང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་དམག་སྡེའི་མཚོན་རྟགས་ཤིག་རྒྱལ་དར་དུ་གནས་བབས་སྤར་བ་མ་གཏོགས། ཕྱི་ལོ་ ༡༩༥༩ སྔ་རོལ་དུ་དེ་འདྲ་ཞིག་གཏན་ནས་མེད་པར་བཤད།[i]
ད་དུང་། རྒྱ་ཡིས་བཙན་འཛུལ་མ་བྱས་གོང་གི་རང་བཙན་ལྡན་པའི་བོད་དེ་ནི། བཙན་བྱོལ་བོད་མི་རྣམས་ཀྱིས་གསར་བཟོ་ཡིན་ཞེས་བཤད། ཁུངས་བདེན་མིན་པའི་ངོས་ལེན་དེ་དང་དེ་མཚུངས་ཀྱི་རིག་པ་རྣམས་ལ་ནུབ་ཕྱོགས་པའི་མཁས་པ་མང་པོས་བདེན་གཏམ་དུ་བསྔགས་བརྗོད་བྱས་ཡོད་པ་མ་ཟད། དེང་རབས་སྤྱི་ཚོགས་ནང་གནས་ཚུལ་བརྒྱུད་སྐུལ་གནང་མཁན་རྣམས་ཀྱང་དེའི་སླུ་ཁྲིད་འོག་ཏུ་ཚུད་པ་མང་།
དེ་ལྟར་མཐོང་བ་ལ་ཐག་རིང་དུ་འགྲོ་མི་དགོས་པར་གླ་བླངས་ཏེ་སྲིད་གཞུང་གི་སླུ་གཏམ་རྣམས་གསར་འགོད་པ་ཡིན་ཁུལ་བྱས་ཏེ་འགྲེལ་བརྗོད་བྱེད་མཁན་གྱི་པེ་ཅིང་གྱི་ཝུ་མའོ་wumao དང་པད་ལྔ་བཅུའི་ཚོགས་པ་“50 Cent Party” ཞེས་པའི་ཊིཝིཊཪ་ཁ་བྱང་ལས་སྤེལ་བའི་གཤམ་གསལ་གྱི་ཟོལ་གཏམ་རྣམས་ལ་གཟིགས་ཆོག
ལོ་རྒྱུས་སྨྲ་བ་པོ་དང་རང་བཙན་འཐབ་རྩོད་པ་རྩོམ་པ་པོ་འཇམ་དབྱངས་ནོར་བུས་བོད་ཀྱི་གནས་བབ་དེ་རང་དབང་རང་བཙན་ཞིག་ཡིན་པའི་སྐོར་རྒྱས་ཤིང་རྒྱས་པར་གསུངས་ཡོད་པ་མ་ཟད། བོད་ཀྱི་རྒྱལ་དར་དང་འབྲེལ་བའི་ལོག་རྟོག་རྣམས་བསལ་ཡོད།[ii]ཁོང་གིས། བོད་ཀྱི་རྒྱལ་དར་དེ་ཕྱི་ལོ་ ༡༩༥༩ སྔོན་ནས་བོད་ནང་བེད་སྤྱོད་བཏང་སྲོལ་ཡོད་པ་མ་ཟད། ཕྱི་ལོ་ ༡༩༣༤ ཕྱི་ཟླ་ ༩ པའི་ནང་པར་དུ་བསྐྲུན་པའི་National Geographic Magazine.[iii]ཞེས་པའི་དུས་དེབ་དང་། དབྱིན་ཇིའི་སྲིད་གཞུང་ལ་སོགས་པའི་རྒྱལ་སྤྱི་ཡོངས་ཀྱི་པར་སྐྲུན་བརྒྱུད་ལམ་སྣ་ཚོགས་བརྒྱུད་བོད་ཀྱི་རྒྱལ་དར་དེ་ངོས་འཛིན་བྱུང་ཟིན་པ་རེད།
གོང་གསལ་བདེན་གཏམ་དེ་ལས་སྤྲོ་ཞིང་གུས་པས་ཀྱང་བོད་རང་བཙན་ཡིན་པར་ར་སྤྲོད་ཀྱི་རྟགས་མཆོག་བོད་ཀྱི་རྒྱལ་དར་དེ་ལ་ངོས་འཛིན་དང་དོ་སྣང་ཇི་བྱུང་སྐོར་ལོ་རྒྱུས་ལྡན་པའི་དཔེ་མཚོན་འགའ་ཤས་འདིར་དགོད་པར་བྱ། ལོ་མང་རིང་གི་ཉམས་ཞིབ་ཀྱི་གྲུབ་འབྲས་ལས་ཐོན་པའི་ཆེད་རྩོམ་འདི་ཡིས་བོད་ཀྱི་རྒྱལ་དར་འདིའི་ལོ་རྒྱུས་ལ་རབ་བྱེད་གསར་པ་ཞིག་སྣོན་པའི་མཐུན་སྦྱོར་དུ་འགྱུར་བའི་ཡིད་ཆེས་ཡོད།
རྒྱ་ནག་གཞུང་ནས་གཏམ་འདྲ་མིན་གང་བཤད་ཀྱང་རུང་།ཉམས་ཞིབ་ཀྱི་དཔྱད་འབྲས་འདི་ལྟར་ན་ཕྱི་ལོ་ ༡༩༢༠ ནས་ཕྱི་ལོ་ ༡༩༥༩ བར་བོད་ཀྱི་རྒྱལ་དར་དེ་ནི་རྒྱལ་སྤྱིའི་ནང་གི་རྒྱལ་དར་ཕྱོགས་བསྡུས་ཀྱི་དཔེ་དེབ་རྣམས་དང་། འཛམ་གླིང་ས་ཁྲའི་དཔེ་དེབ་ཁག ཚིག་མཛོད་ཆེན་མོ་རྣམས་དང་། དེ་བཞིན་འཛམ་གླིང་གི་རྒྱལ་དར་རེའུ་མིག་རྣམས་སུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་རྒྱལ་དར་དུ་འཁོད་ཡོད། གནས་ཚུལ་དེ་དག་ལས་སྐབས་དེར་བོད་ཀྱི་རྒྱལ་དར་ལ་རྒྱལ་ཁབ་མང་པོས་ངོས་ལེན་ཐོབ་ཡོད་པ་དང་རྒྱལ་སྤྱིའི་མི་མང་རྣམས་ནས་དེ་བཞིན་དུ་བེད་སྤྱོད་བྱེད་སྲོལ་ཡོད་པ་མངོན་ཐུབ།
གཞུང་འབྲེལ་གྱི་ངོས་ལེན་བྱུང་ཚུལ་སྐོར།
བོད་ཀྱི་རྒྱལ་དར་དེ་ནི་ཐོག་མར་ཕྱི་ལོ་ ༡༩༡༦ ལོར་༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ལྷ་སའི་ནོར་བུ་གླིང་ཀའི་དམག་སྒར་དུ་ཡར་བསྒྲེངས་ཏེ་བོད་ཀྱི་རྒྱལ་དར་དུ་དབུ་འབྱེད་མཛད།[v]བོད་ཕྱི་རོལ་དུ་བོད་ཀྱི་རྒྱལ་དར་སྐོར་ཐོག་མར་ཕྱི་ལོ་ ༡༩༢༣ ལོ་ནས་བཟུང་གསར་ཤོག་ཁག་ཏུ་སྣང་འགོ་ཚུགས། དབྱིན་གཞུང་ནས་པར་སྐྲུན་བྱས་པའི་འཛམ་གླིང་རྒྱལ་ཁབ་ཀུན་གྱི་རྒྱལ་དར་གྱི་རི་མོ་ (Drawings of the Flags in Use at the Present Time by Various Nations) ཞེས་པའི་ཕྱག་དཔེའི་འདོན་ཐེངས་ཤིག་ཏུ་བོད་ཀྱི་རྒྱལ་དར་དེ་འཁོད་པ་ནས་བཟུང་རྒྱལ་དར་གྱི་བཤད་པ་ལྡན་པའི་ཆེད་རྩོམ་ཀྱང་མང་དུ་བྱུང་།
(བོད་ཀྱི་རྒྱལ་དར་དེ་ལ་བློ་འཛིན་ཏོག་ཙམ་བྱ་དགོས། དབུས་ལ་གངས་རིའི་རྩེ་ནས་ཉི་མ་ཤར་བཞིན་པ་ཞིག་ཡོད། རིའི་བར་ན་ཁ་དོག་གསུམ་ལྡན་པའི་སེང་གེ་གཉིས་ཡོད། དེ་དག་གི་བར་ན་ནོར་བུ་ཞིག་དང་། ནོར་བུ་མེ་འབར་ཞིག་བཅས་ཡོད། ནོར་བུ་དེ་གཉིས་བར་ཁྱད་པར་གང་ཡོད་པ་ངས་མ་ཤེས་ཀྱང་དེ་ནི་གཞུང་འབྲེལ་གྱི་འགྲེལ་བརྗོད་རེད་འདུག དར་ཆའི་ནང་གི་གཞོགས་ལྷག་མའི་ནང་ཁ་དོག་རྣམ་གཉིས་ལྡན་པའི་ཟུར་གསུམ་ཅན་རེས་མོས་བྱས་ཏེ་བྲིས་འདུག)
མཉམ་འབྲེལ་རྒྱལ་ཁབ་མ་བྱུང་གོང་གི་དུས་དེར་“འཛམ་གླིང་རྒྱལ་དར་ཕྱོགས་བསྡུས་”ཀྱི་དཔེ་དེབ་ཁག་ཏུ་གཞི་རྩའི་ཆ་ནས་དམག་དང་ཚོང་འབྲེལ་གྱི་ནུས་པ་ལྡན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་རྣམས་ལ་དབང་པའི་ཡུལ་གྲུ་དང་། མཚོ་ཐོག་སྐྱེལ་འདྲེན་བྱེད་སྐབས་འབྲེལ་བ་ཡོད་པའི་རྒྱལ་ཁབ་བཅས་ཀྱི་རྒྱལ་དར་རྣམས་འགོད་སྲོལ་ཡོད།
སྤྱིར་བོད་དང་ཕྱིའི་རྒྱལ་ཁབ་བར་སྲིད་དང་དམག་གི་འབྲེལ་བ་དེ་ཙམ་མེད་ཀྱང་། ཉུང་མཐར་ནུབ་ཕྱོགས་པའི་རྒྱལ་ཁབ་གསུམ་གྱི་དམག་དེབ་ནང་བོད་ཀྱི་རྒྱལ་དར་དེ་འཁོད་ཡོད། དེ་དག་ནི་རིམ་པར། གོང་གསལ་ཕྱི་ལོ་ ༡༩༢༣ ལོར་དབྱིན་ཇིའི་སྲིད་གཞུང་ནས་པར་དུ་བསྐྲུན་པའི་ “Drawings of the Flags in Use at the Present Time by Various Nations”དང་། ཕྱི་ལོ་ ༡༩༢༦ ལོར་འཇར་མ་ནི་སྲིད་གཞུང་ནས་པར་སྐྲུན་བྱས་བའི་ “Flaggenbuch”དང་། ཕྱི་ལོ་ ༡༩༣༤ ལོར་ཨི་ཊ་ལི་སྲིད་གཞུང་ནས་པར་སྐྲུན་བྱས་པའི་ “Raccolta delle Bandiere Fiamme e Insegne in uso presso le Diverse Nazioni”བཅས་སོ།།
དཔེ་དེབ་དེ་དག་ནང་དུ་བོད་ཀྱི་དར་ཆ་དེ་ལ་བོད་ཀྱི་རྒྱལ་དར་ཞེས་བརྗོད་ཡོད། ཕྱི་ལོ་ ༡༩༥༠ ཡས་མས་བར་དུ་དབྱིན་གཞུང་གི་རྒྱལ་དར་ཕྱོགས་དེབ་ནང་དུ་བོད་པའི་རྒྱལ་དར་དེ་མུ་མཐུད་ནས་འཁོད་ཡོད། དཔེ་དེབ་དེ་དག་ནི་བོད་དེ་རང་བཙན་ཡིན་པའི་སྒྲུབ་བྱེད་ཀྱི་ཡིག་ཆ་ཁ་གསལ་ཞིག་ཆགས་བཞིན་ཡོད།
ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་གྱི་རྒྱལ་ས་དི་ལིར་ཚོགས་པའི་ཨེ་ཤི་ཡའི་འབྲེལ་ལམ་ཚོགས་འདུའི་ནང་དར་ཆ་དེ་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་དར་དུ་བེད་སྤྱོད་བཏང་ཡོད་པ་ནི་ཀློག་པ་པོ་མང་པོ་ཞིག་གིས་མཁྱེན་གསལ་རེད། རྒྱ་གར་སྲིད་འཛིན་པཎྜིཏ་ཇ་བ་ཧར་ལཱལ་ནེ་རུས་གོ་སྒྲིག་གནང་བའི་ཉིན་བཅུ་རིང་གི་རྒྱལ་སྤྱིའི་ཚོགས་འདུ་དེར་རྒྱལ་ཁབ་གཞན་དང་ལྷན་དུ་བོད་ཀྱི་རྒྱལ་དར་ཡང་བསྒྲེངས་ཡོད་པ་དང་། དེའི་རྒྱབ་ཀྱི་སྡིངས་ཆའི་ཐོག་བོད་ཀྱི་རྒྱལ་དར་ལྡན་པའི་བྱང་བུ་ཡོད་སར་བོད་པའི་སྐུ་ཚབ་རྣམ་པ་བཞུགས་པ་རེད། བཙན་བྱོལ་གཞུང་ནས་དེ་ལ་རྒྱལ་སྤྱི་ཚོགས་འདུར་ངོ་བཅར་བྱས་པའི་ཐོག་མ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།[vi][vii]ཡང་། རྒྱལ་སྤྱིའི་རྣམ་པ་དེ་ཙམ་མིན་པར་དར་ཆ་དེས་བོད་ཀྱི་ངོ་ཚབ་བྱས་ཡོད་པའི་དཔེ་མཚོན་གཞན་ཞིག་ཉེ་ཆར་དུ་མངོན་རྒྱུ་འདུག
ཨེ་ཤི་ཡའི་འབྲེལ་ལམ་ཚོགས་འདུའི་ལོ་བཅུའི་རྗེས་ཕྱི་ལོ་ ༡༩༥༦ ལོར་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྟོན་པ་སྐུ་མྱ་ངན་ལས་འདས་ནས་མི་ལོ་ ༢༥༠༠ འཁོར་བའི་དུས་དྲན་དུ་རྒྱ་གར་གྱི་རྒྱལ་ས་དི་ལིར་ཆིབས་བསྒྱུར་མཛད། དེ་ཡང་ལམ་བར་འབྲས་ལྗོངས་བརྒྱུད་དེ་ཕེབས་དགོས་ཡོད་པ་དང་། དུས་དེར་འབྲས་ལྗོངས་དེ་རང་བཙན་ཡིན་ཞིང་དེའི་རྒྱལ་པོ་ཆོས་རྒྱལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་གྱིས་རང་གི་སྒེར་འཁོར་ནང་༸གོང་ས་མཆོག་ལ་རྒྱལ་ས་སྒང་ཏོག་ཏུ་བསུ་མ་མཛད། སྐབས་དེར་སྒེར་འཁོར་སྔོ་དཀར་ཅན་དེའི་སྣའི་མདུན་དུ་བོད་དང་འབྲས་ལྗོངས་གཉིས་ཀའི་རྒྱལ་དར་འཕྱར་ཡོད་པར་བཤད།[viii]
འདྲ་པར་ངོ་མཚར་ཅན་འདི་ནི་ཐུབ་བསྟན་ཙཀ་རི་སར་གྱིས་སྣེ་འདྲེན་པའི་theConserve Tibet Project ནས་སླར་གསོ་དང་འགྲེམས་སྤེལ་གནང་། དེའི་ནང་སྒང་ཏོག་གཙུག་ལག་ཁང་དུ་སྒེར་འཁོར་སྟེང་བོད་ཀྱི་རྒྱལ་དར་དང་འབྲས་ལྗོངས་ཀྱི་རྒྱལ་དར་གཉིས་ཀ་ཕན་ཚུན་ལྷན་དུ་འཕྱར་ཡོད་པ་མཐོང་ཐུབ། རྒྱ་ཡི་བཙན་འཛུལ་མ་བྱུང་གོང་བོད་དང་འབྲས་ལྗོངས་བར་འབྲེལ་བ་དམ་ཟབ་ཡོད་ཚུལ་དེ་ནི་ཆེད་རྩོམ་གཞན་ཞིག་གི་བརྗོད་གཞི་རུ་རུང་ཡང་། སྐབས་དེ་དུས་ཀྱི་འབྲས་ལྗོངས་གཞུང་ནས་རྒྱལ་དར་དེ་གཞུང་འབྲེལ་གྱི་ལས་དོན་དུ་བེད་སྤྱོད་གནང་བ་དེ་ནི་བོད་ཀྱི་རང་བཙན་གྱི་གནས་བབས་དེ་ལ་ངོས་འཛིན་ཡོད་པའི་དཔེ་མཚོན་གཞན་ཞིག་ཆགས་ཡོད།
ཁུངས་གཏུགས་དཔེ་དེབ་ཁག་དང་རེའུ་མིག་རྣམས།
བོད་ཀྱི་རྒྱལ་དར་ལ་གཞུང་འབྲེལ་ངོས་འཛིན་དང་བེད་སྤྱོད་གནང་ཡོད་པའི་དཔེ་མཚོན་དེ་དག་ལ་ད་དུང་ཁ་སྣོན་བྱས་ན། སློབ་སྦྱོང་དང་། མཚོ་ཐོག་སྐྱེལ་འདྲེན་གྱི་དགོས་མཁོ་ལ་ལྟོས་ཏེ་ཕྱི་ལོ་ ༡༩༢༠ ནས་ཕྱི་ལོ་ ༡༩༥༠ བར་གྱི་རྒྱལ་དར་སྣ་ཚོགས་ལྡན་པའི་རེའུ་མིག་ཁག་ཏུ་བོད་ཀྱི་རྒྱལ་དར་དེ་ཡང་བཀོད་ཡོད། དཔེ་མཚོན་དུ། དབྱིན་ཇིའི་དཔེ་སྐྲུན་ཁང་རྙིང་ཤོས་ཤིག་ཏུ་གཏོགས་པའི་George Philp & Son Ltd.ནས་ཕྱི་ལོ་ ༡༩༣༦ ལོར་དཔེ་སྐྲུན་གནང་བ་དེ་དང་། རྒྱ་གར་གྱི་རྒྱལ་ས་དི་ལིར་གནས་ཡོད་ Prem Educational Stores ནས་ཕྱི་ལོ་ ༡༩༤༧ ལོར་པར་སྐྲུན་བྱས་པའི་ “Flags of the Nations and War Plane Signs” ཟེར་བའི་རེའུ་མིག་བཅས་སོ།།
ད་དུང་། བོད་ཀྱི་རྒྱལ་དར་དངོས་སུ་གསལ་བའི་ཁུངས་གཏུགས་དཔེ་དེབ་རྣམས་ནི་གུས་པས་ཕྱོགས་སྒྲིག་བྱས་ཏེ། TibetanFlagཟེར་བའི་མིང་ཐོག་ཏུ་Flickrཞེས་བྱ་བའི་དྲ་ལྗོངས་སུ་ནང་འཇུག་བྱས་ཡོད་པས། དོན་གཉེར་ཅན་རྣམས་ཀྱིས་དེ་དག་གཟིགས་ཐུབ། དེའི་རིགས་དུ་མ་ཞིག་དྷ་སའི་བོད་ཀྱི་འགྲེམས་སྟོན་ཁང་གི་རྒྱལ་དར་སྡེ་ཚན་དུ་མཇལ་རྒྱུ་ཡོད། དཔེར་ན་ཨི་ཊ་ལིའི་ཚིག་མཛོད་ཆེན་མོ་དང་། ཕྱི་ལོ་ ༡༩༣༨ ལོའི་ཉི་ཧོང་གི་རྒྱལ་དར་ཕྱོགས་བསྡུས་དང་། ཕྱི་ལོ་ ༡༩༤༢ ནས་དབྱིན་གཞུང་རྒྱལ་པོའི་ King GeorgeVས་ཁྲ་བ་ John George Bartholomewཡི་འཛམ་གླིང་ས་ཁྲའི་དཔེ་དེབ་དང་། ཕྱི་ལོ་ ༡༩༥༠ ནས་དབྱིན་གཞུང་གི་མཚོ་དམག་དཔོན་ཆེན་གཞོན་པ་དང་གྲོས་ཚོགས་ཚོགས་མི་སྐུ་ཞབས་Gordon Campbellགྱི་རྒྱལ་དར་ཕྱོགས་བསྡུས་དང་། ཕྱི་ལོ་ ༡༩༥༠ ལོའི་ཌཆ་འཛམ་གླིང་ས་ཁྲའི་དཔེ་དེབ་དང་། ཨོས་ཏྲེ་ལི་ཡའི་གསར་ཤོག་དང་། དེ་བཞིན་གཞན་ཚིག་མཛོད་ཆེན་མོ་དྲུག་ཙམ་དུ་རང་དབང་ལྡན་པའི་རྒྱལ་ཁབ་ལྷན་དུ་བོད་ཀྱི་རྒྱལ་དར་ཡང་འཁོད་ཡོད།
རྒྱལ་སྤྱིའི་མང་ཚོགས་ནང་བོད་ཀྱི་རྒྱལ་དར་བེད་སྤྱོད་གཏོང་ཚུལ།
བོད་ཀྱི་རྒྱལ་དར་དེ་སྲིད་གཞུང་དང་ཤེས་རིག་ལྟེ་གནས་ཁང་ཙམ་ནས་མིན་པར་རྒྱལ་སྤྱིའི་མང་ཚོགས་རྣམས་ནས་ཀྱང་བེད་སྤྱོད་བཏང་ཡོད།དེ་སྔོན་གུས་པས་མཉམ་བྲིས་བྱས་པའི་ཆེད་རྩོམ་ནང་ཕྱི་ལོ་ ༡༩༢༨ ནས་ཕྱི་ལོ་ ༡༩༦༠ འགོ་སྟོད་བར་བོད་ཀྱི་རྒྱལ་དར་དེ་ཚོང་འབྲེལ་འབྲེལ་ཐུག་ཁ་བྱང་ཐོག་ཏུ་བཀོད་སྲོལ་ཡོད་པར་བཤད་ཡོད། ཚོང་འབྲེལ་འབྲེལ་ཐུག་ཁ་བྱང་དེ་དག་འཛམ་གླིང་ཕྱོགས་ཡོངས་སུ་པར་བཏབ་ཡོད་པ་དང་། བྱི་རིལ་དང་། ཡི་ཙི། ཐ་མག ཉིན་ཐོ་སོགས་ཉོ་སྐབས་དེ་དག་ཀུན་གྱི་ལྷན་དུ་འཐོབ་རྒྱུ་ཡོད་པའི་དངོས་ཆས་ཤིག་ཡིན་ཞིང། ཁ་བྱང་དེ་དག་ཏུ་བརྗོད་གཞི་འདྲ་མིན་སྣ་ཚོགས་ཀྱི་པར་རིས་ལྡན་ཡོད། བོད་ཀྱི་རྒྱལ་དར་ལྡན་པའི་ཚོང་འབྲེལ་འབྲེལ་ཐུག་ཁ་བྱང་མི་འདྲ་བའི་དཔེ་མཚོན་སུམ་བཅུ་ཙམ་ Brazil, Chile, Germany, England, New Zealand, Turkey, Israel, Norway, Greece དང་Italyབཅས་རྒྱལ་ཁབ་སྣ་ཚོགས་སུ་པར་འདེབས་སྲོལ་འདུག རྒྱ་དམར་གྱིས་བཙན་འཛུལ་མ་བྱས་གོང་དུ་ཁ་བྱང་དེ་དག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་རྒྱལ་དར་སྐོར་གོ་རྟོགས་ཁྱབ་ཆེན་པོ་སྤེལ་ཡོད།
མང་ཚོགས་ཀྱི་ལས་དོན་དུ་བོད་ཀྱི་རྒྱལ་དར་བེད་སྤྱོད་བཏང་ཡོད་པའི་དཔེ་མཚོན་དེ་སྔ་མཐོང་མ་མྱོང་བ་ཞིག་ནི། ཕྱི་ལོ་ ༡༩༤༠ ལོར་ཨོས་ཏྲི་ལི་ཡ་ནང་བྱུང་ཡོད། ལོ་དེར་ the Country Women’s Association (C.W.A) ཟེར་བའི་སྤྱི་ཚོགས་བདེ་དོན་ཚོགས་པ་ནས་ལོ་མཇུག་ཚོགས་འདུ་དང་མངའ་སྡེའི་ལག་ཤེས་འགྲེསམ་སྟོན་ཞིག་གོ་སྒྲིག་གནང་བ་རེད། སྐབས་དེར་ Queensland C.W.Aཡི་ཡན་ལག་ཚོགས་པས་འཛམ་གླིང་ཡོངས་ཀྱི་རྒྱལ་དར་རྣམས་ཀྱི་འགྲེམས་སྟོན་བྱས་པ་དང་། དེའི་ནང་གོས་ཆེན་ཁ་དོག་དམར་དང་། སེར་དང་། སྔོན་བཅས་གསུམ་ལྡན་ཞིང་། དཀྱིལ་ན་གསེར་སྐུད་ལས་བཟོས་པའི་ཉི་མ་བཅས་ཡོད་པའི་བོད་ཀྱི་རྒྱལ་དར་རིང་ཚད་ཕིཊ་ ༦ དང་། ཞེང་དུ་ཕིཊ་ ༣ ལྡན་པ་ཞིག་ཡོད། རྒྱལ་དར་རེ་རེ་ལྷན་དུ་དེ་འབྲེལ་གྱི་འགྲེལ་བཤད་དང་། བྱུང་རིམ། དེ་བཞིན་རྒྱལ་ཁབ་གང་གི་རྒྱལ་དར་མཚོན་བཞིན་ཡོད་པ་བཅས་ཀྱི་སྐོར་རྒྱས་པར་བྲིས་ཡོད།[ix]འགྲེམས་སྟོན་དེ་གཟིགས་མཁན་མི་ཚོགས་སྟོང་ཕྲག་མང་པོ་བསླེབས་ཡོད། ཕྱི་ལོ་ ༡༩༤༠ ཡས་མས་སུ་དར་ཆ་དེ་དག་ C.W.Aཚོགས་པའི་མཛད་རིམ་གཞན་དུ་མ་ཞིག་ཏུ་འགྲེམ་སྟོན་བྱས་ཡོད་པ་དང་དེ་དག་ཏུ་གཞུང་འབྲེལ་མི་སྣ་མང་པོས་བཅར་ཡོད་པ་རེད།[x][xi]
གོ་སྒྲིག་པས་འགྲེམ་སྟོན་འདི་དག་གནང་དགོས་དོན་ནི་ཚོགས་པའི་ཡན་ལག་རྣམས་ལ་རྒྱལ་སྤྱིའི་བསམ་བློ་སེམས་རྒྱུད་དུ་འཕེལ་བའི་དོན་དུ་ཡིན་ཞེས་འགྲེལ་བརྗོད་གནང་།[xii]ཨོས་ཏྲི་ལིའི་གསར་ཤོག་དུ་མའི་ནང་བོད་ཀྱི་རྒྱལ་དར་དེ་ནི་རྒྱ་ནག་གི་རྒྱལ་དར་དང་ཆེས་ཐ་དད་ཡིན་པ་དང་། དེ་དག་གིས་རྒྱལ་ཁབ་མི་འདྲ་བ་གཉིས་མཚོན་བཞིན་འདུག་ཅེས་བཤད། C.W.Aཚོགས་པས་རྒྱལ་དར་འགྲེམས་སྟོན་གྱི་དགེ་མཚན་ལ་མཚོན་ན། སིཌ་ནི་གནས་འཁོད་རྒྱ་ཡི་ཚོང་འབྲེལ་དོན་གཅོད་ཀྱིས་འབྲུག་སེར་ལྡན་པའི་རྒྱ་ནག་གོང་མའི་རྒྱལ་དར་དེའི་ཚབ་ཏུ་རྒྱལ་ཞེན་གྱི་ལ་རྒྱ་ལྡན་པའི་དར་ཆ་གསར་པ་དེ་འཇོག་དགོས་པར་ཞུ་གཏུགས་བྱས། དེའི་གྲུབ་འབྲས་སུ་རྒྱ་ནག་གོང་མའི་རྒྱལ་དར་དེ་འགྲེམས་སྟོན་ལས་ཕྱིར་འཐེན་བྱས།C.W.Aཡི་ས་གནས་ཚོགས་གཙོ་ནས་གནས་ཚུལ་དེ་བྱུང་བ་ལ་བཟོད་གསོལ་ཞུས་པ་དང་རྒྱ་ནག་གི་རྒྱལ་དར་ངོ་མ་དེ་གང་མྱུར་མཁོ་སྒྲུབ་དང་འགྲེམས་སྟོན་དུ་འཇོག་རྒྱུ་ཡིན་ཞེས་གསལ་བཤད་གནང་།[xiii]མདོར་ན་འདིར་བོད་ཀྱི་རྒྱལ་དར་འགྲེམས་སྟོན་དུ་བཞག་པ་ལ་གཞུང་འབྲེལ་གྱི་དགག་པ་གང་ཡང་བརྗོད་མེད།
ཕྱི་ལོ་ ༡༩༤༩ ལོར་༸གོང་ས་མཆོག་ནས་ཨ་རིའི་གསར་འགོད་པ་Lowell Thomas ལ་གསོལ་རས་གནང་བའི་གཤམ་གསལ་གྱི་རྒྱལ་དར་དེ་འདྲ་ཞིག་ཕྱི་ལོ་ ༡༩༤༠ ལོར་ཨོས་ཏྲི་ལིའི་ནང་ཕལ་ཆེར་མེད།[xiv]དེ་བཞིན་C.W.Aཡི་དཔེ་མཚོན་དེ་ཡིས་བོད་ཀྱི་རྒྱལ་དར་ཐད་མི་མང་ནང་གོ་རྟོགས་དང་ཆ་འཇོག་ཡོད་པར་ཕྱོགས་བསྡོམས་བྱེད་ཐུབ། ཏོག་དབྱིབས་ནད་དུག་རྐྱེན་པས་ C.W.A ཡི་གཅེས་ཉར་གྱི་ཡིག་རྙིང་རྣམས་ཡོད་སར་བསྐྱོད་མ་ཐུབ་པ་དང་། དེ་འབྲེལ་གྱི་དར་ཆའི་འདྲ་པར་འདིར་སྦྱོར་མ་ཐུབ་ཀྱང་མ་འོངས་དུས་སུ་དེ་ཕྱི་ལ་མངོན་པའི་ཡིད་ཆེས་ཡོད།
ལོ་རྒྱུས་ཁ་གསལ་ཡོད་པ།
ཁུངས་ཚད་ལྡན་རྣམས་དང་། ཤེས་ཡོན། དེ་བཞིན་བོད་ཕྱི་ནང་གཉིས་ནས་སྣང་དུ་རུང་བའི་ཡིག་ཆའི་གྲངས་ཧ་ཅང་མང་ཡང་རྒྱ་ནག་སྲིད་གཞུང་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་དེ་ལ་མུ་མཐུད་ནུབ་ཕྱོགས་པའི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཉུང་ཤས་ཤིག་གིས་ད་དུང་ཡང་ཁྱབ་སྤེལ་བྱེད་བཞིན་འདུག ཟོལ་གཏམ་དེ་དག་སྤྱི་ཚོགས་བརྒྱུད་ལམ་དུ་ཚེ་སྲོག་གསར་པ་ཞིག་ཐོབ་བཞིན་ཡོད་ཀྱང་བདེན་པ་དེ་ནི་ཟོལ་ཕྱོགས་སུ་དུས་ནམ་ཡང་ཡོང་ཐབས་མེད། བོད་ཀྱི་རྒྱལ་དར་དེ་ཕྱི་ལོ་ ༡༩༥༩ སྔ་རོལ་དུ་ཡོད་པའི་དཔེ་མཚོན་དུ་མ་ཞིག་རྒྱལ་སྤྱིའི་ནས་ར་སྤྲོད་དང་། ཤོག་བུའི་སྟེང་པར་བཏབ་སྟེ་དངོས་སུ་རིག་རྒྱུ་ཡོད་པ་མ་ཟད། མཛད་སྒོ་དུ་མར་འཕྱར་བའང་ཡོད། ད་ལྟའི་ཆར་བོད་ཀྱི་རྒྱལ་དར་དེ་སྒྲེང་མཁན་མི་བྱེ་བྲག་པ་ཞིག་ཡིན་རུང་། ཡང་ན་ཚོགས་པའམ་གཞུང་སྟེ། ཁོང་རྣམས་ཀྱི་རྒྱབ་རྟེན་དེ་ནི་བཟང་སྤྱོད་ཀྱི་རྣམ་པ་དང་ཆབ་སྲིད་ཙམ་མིན་པར། རྒྱལ་སྤྱིའི་ནང་བོད་ཀྱི་ངོས་འཛིན་ཡོད་པའི་ལོ་རྒྱུས་ཀྱི་རྩ་བ་བརྟན་པོའི་སྟེང་ཆགས་ཡོད།
[i]“Commentary: Dalai Lama a Politician, Not a Simple Monk,” Commentary: Dalai Lama a politician, not a simple monk (Xinhua News Agency, March 31, 2008), http://www.china.org.cn/china/Lhasa_Unrest/2008-03/31/content_13946226.htm.
[ii]Norbu, Jamyang. “Freedom Wind, Freedom Song.” Shadow Tibet Jamyang Norbu. Shadow Tibet , September 25, 2018. https://www.jamyangnorbu.com/blog/2015/02/12/freedom-wind-freedom-song-1/.
[iii]Norbu, Jamyang. “Early International Awareness of the Tibetan National Flag.” Shadow Tibet Jamyang Norbu, February 28, 2015. https://www.jamyangnorbu.com/blog/2015/02/28/early-international-awareness-of-the-tibetan-national-flag/.
[iv]The edition that first included the Tibetan flag was published with a longer title, “Drawings of the Flags in Use at the Present Time by Various Nations”in 1923.
[v]Tenzin Geyche Tethong, “His Holiness the Fourteenth Dalai Lama: an Illustrated Biography,” in His Holiness the Fourteenth Dalai Lama: an Illustrated Biography (Northampton, MA: Interlink Books, 2021), p. 33.
[vi]“CTA’s Response to Chinese Government Allegations: Part Four.” Central Tibetan Administration. Tibet.net, June 19, 2008. https://tibet.net/important-issues/sino-tibetan-dialogue/ctas-response-to-chinas-allegations/ctas-response-to-chinese-government-allegations-part-four/.
[vii]Officially known as the Central Tibetan Administration.
[viii]Duff, Andrew. “Sikkim: Requiem for a Himalayan Kingdom.” Essay. In Sikkim: Requiem for a Himalayan Kingdom, 85. Edinburgh: Birlinn Ltd, 2018. Also,the Tibet Museum in Dharamshala has published a photo of His Holiness being driven in the same vehicle through Kalimpong, India with the Sikkimese flag removed.
[ix]Warwick Daily News (Qld. : 1919 -1954), Tuesday 30 April 1940, page 3
[x]Cairns Post (Qld. : 1909 – 1954), Thursday 8 May 1941, page 3
[xi]Warwick Daily News (Qld. : 1919 -1954), Tuesday 23 April 1940, page 3
[xii]Morning Bulletin (Rockhampton, Qld. : 1878 – 1954), Thursday 24 October 1940, page 4
[xiii]Cairns Post (Qld. : 1909 – 1954), Thursday 29 May 1941, page 4
[xiv]From Lowell Thomas Papers: Tibet, 1949, Item 1, Box 1712, in the Lowell Thomas Collection, Archives and Special Collections, James A. Cannavino Library, Marist College.