བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་གིས་མུ་མཐུད་སྐད་ཡིག་གི་ཐོབ་ཐང་རྩོད་བཞིན་འདུག

ལོ་ངོ་ལྔའི་བཙོན་འཇུག་ནས་གློད་གྲོལ་ཐོབ་རྗེས། བཀྲ་ཤིས་དབང་ཕྱུག་གིས་མུ་མཐུད་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་”རྩ་ཁྲིམས་སུ་འཁོད་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་རྩོད་བཞིན་ཡོད་འདུག

ལོ་ངོ་ལྔའི་བཙོན་འཇུག་ནས་གློད་གྲོལ་ཐོབ་རྗེས། བཀྲ་ཤིས་དབང་ཕྱུག་གིས་མུ་མཐུད་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་”རྩ་ཁྲིམས་སུ་འཁོད་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་རྩོད་བཞིན་ཡོད་འདུག

ཕྱི་ཟླ་༡ ཚེས་༡༨ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། བོད་ཀྱི་སྐད་ཡིག་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་གིས་ཁོང་གི་སྒེར་གྱི་ཝའེ་པའོ་དྲ་བྱང་(Weibo) ཐོག་ཏུ་རྩོམ་ཐུང་ཞིག་སྤེལ་བའི་ནང་། ཕྱི་ཚེས་༡༧ ཉིན་ཡུལ་ཤུལ་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པས་ཁོང་ལ་ཁ་པར་ཡོང་ནས་སྤྱི་བདེ་ལས་ཁུངས་སུ་འབོད་འགུག་བྱས་པ་དང་། ཁོང་སྤྱི་བདེ་ལས་ཁུངས་སུ་བཅར་སྐབས། ཡུལ་ཤུལ་གྲོང་ཁྱེར་ཀྱི་ཉེན་རྟོག་པས་ཆུ་ཚོད་ཁ་ཤས་རིང་བཀག་ཉར་འདྲི་རྩད་བྱས་ཡོད་སྐོར་བྲིས་ཡོད་འདུག

སྐད་ཡིག་ལས་འགུལ་བ་ཁོང་གི་རྩོམ་ཡིག་དེའི་ནང་། སྐབས་དེར་ཉེན་རྟོག་པ་ཚོས་ཁོང་ལ་ཁྱོད་རང་བོད་ཀྱི་སྐད་ཡིག་སློབ་གསོ་ལ་དོ་སྣང་བྱེད་དགོས་པའི་འགན་དེ་གང་ནས་སླེབས་སོང་ཞེས་དྲི་བ་འདྲ་མིན་དྲིས་པར། ཁོང་གིས་དེང་སྐབས་གཟའ་འཁོར་གཉིས་རེའི་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རེ་མེད་པར་འགྱུར་བཞིན་ཡོད་པར་བརྟེན་ངས་བོད་ཀྱི་སྐད་དང་ཡི་གེ་རྩ་བརླག་མི་འགྲོ་བའི་ཆེད་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེ་བས་དེ་འདྲ་བའི་བསམ་བློ་འཁྱེར་མཁན་འགོ་ཁྲིད་དང་ལས་དོན་སྒྲུབ་མཁན་ཞིག་ཡོད་ན་བསམ། དེ་མ་གཏོགས་བོད་མི་རིགས་ཀྱི་ཡི་གེ་དང་སྐད་ཡིག་ལ་ཉེན་ཁ་ཆེན་པོ་འདུག་ཅེས་ལན་བཏབ་པ་ཡིན་སྐོར་བྲིས་པ་དང་། ཁོང་གིས་ཁྱེད་ཚོས་ང་འབོད་འགུགས་དང་འདྲི་རྩད་བྱེད་དགོས་དོན་དེ་ངས་བཤད་པའི་སྐད་ཆ་དང་པོད་འཕྲིན་དྲ་བར་སྤེལ་བའི་གནས་ཚུལ་དག་བདེན་པ་མིན་པ་དང་། ཡང་ན་ཁྲིམས་ལུགས་དང་འགལ་བ་ཞིག་ཡིན་ནམ་ཞེས་དྲིས་པར། ཉེན་རྟོག་པས་པོད་འཕྲིན་མཐོང་མ་བྱུང་བ་དང་།  ང་ཚོས་བརྟག་དཔྱད་བྱས་རྗེས་ཐག་གཅོད་ཐུབ་ཀྱི་རེད། ང་ཚོས་ཁྱོད་རང་སྲིད་གཞུང་ལས་ཁུངས་ལ་ཞུ་གཏུགས་དང་། ཡང་ན་པོད་འཕྲིན་ཐོག་གནས་ཚུལ་སྤེལ་བར་བཀག་འགོག་བྱེད་ཀྱི་མ་རེད་ཅེས་བརྗོད་སོང་ཞེས་བྲིས་ཡོད་འདུག

ཡེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལྟར་ན། བཀྲ་ཤིས་དབང་ཕྱུག་ཕྱི་ཟླ་དང་པོའི་ཚེས་༡༢ ཉིན་ཡུལ་ཤུལ་གྲོང་ཁྱེར་ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་དང་། གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་འགོ་གཙོ་ལས་ཁུངས་སུ་སྲིད་གཞུང་ནང་ཁུལ་དང་། ཕྱི་རོལ་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་དར་སྤེལ་གྱི་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་བར་བཅར་སྐབས། སྲིད་ཁྲིམས་ཁང་གི་འགོ་ཁྲིད་ནས་ཁོང་བཀག་འགོག་བྱས་ཡོད་འདུག་ཅིང་། དེ་ནས་ཉིན་ཤས་ཕྱིན་པའི་རྗེས་སུ་ཁོང་ཉེན་རྟོག་ལས་ཁུངས་སུ་འབོད་འགུགས་བྱས་ཡོད་འདུག

གཞན་ཡང་། སྐད་ཡིག་ལས་འགུལ་བ་ཁོང་གིས་ཟླ་འདིའི་ཚེས་༣ ཉིན་རྩོམ་ཐུང་ཞིག་སྤེལ་བའི་ནང་། “མིག་སྔར་ང་ཚོས་མཐོང་ཆེན་བྱ་དགོས་པའི་གནད་དོན་ནི། བོད་རིགས་རང་སྐྱོང་ས་གནས་ཀྱི་གཞུང་ལས་པ་དང་དོན་ལས་སྡེ་ཁག་ནང་ལས་མི་གདན་ཞུ་བྱེད་སྐབས། བོད་ཡིག་གི་རྒྱུགས་ཤོག་སྤྱོད་མིན་དང་། བོད་རིགས་རང་སྐྱོང་ས་གནས་ཀྱི་སྲིད་གཞུང་གི་སྡེ་ཁག་གམ་དངུལ་ཁང་དང་གློག་འཕྲིན་འབྲེལ་འཕྲིན་སོགས་ནང་ཁུལ་དང་ཕྱི་རོལ་གྱི་ཡིག་ཆ་དང་གན་རྒྱ། ཡིག་ཚགས་སོགས་ཀྱི་རྒྱུ་ཆར་བོད་ཀྱི་ཡི་གེ་སྤྱོད་མིན། ཡང་ན་ལས་སྒོ་གཉེར་སྐབས་བོད་མི་ལ་བོད་སྐད་བཤད་མིན་དང་། བོད་རིགས་ས་ཁུལ་གྱི་སློབ་གྲྭའི་ནང་བོད་ཡིག་ལྷད་མེད་(རྩིས་རིག་དང་། རིག་ཚན། རང་བྱུང་ཚན་རིག་ཚན་ཁག་སོགས་བོད་ཡིག་ཐོག་ནས་སློབ་སྦྱོང་བྱེད་མིན)སྤྱོད་མིན་བཅས་ལ་བལྟ་དགོས། ། སློབ་ཆེན་དུ་ད་ལྟའི་སྤྱི་ཚོགས་ལ་མཁོ་བའི་འབྲེལ་ཡོད་བོད་ཡིག་ཆེད་ལས་ཡོད་དམ་མེད་”ཅེས་དྲིས་ཡོད་འདུག

བཀྲ་ཤིས་དབང་ཕྱུག་ནི་ཁམས་སྐྱེ་དགུ་མདོའི་ཚོང་པ་དཀྱུས་མ་ཞིག་ཡིན་ཞིང་། ཁོང་གིས་སོ་སོའི་ཕ་ཡུལ་གྱི་སྲིད་གཞུང་དང་། སློབ་གྲྭའི་ནང་རྒྱ་ཡིག་ལས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་པའི་སྲིད་བྱུས་གདུག་རྩུབ་ཅན་དེ་མཐོང་རྗེས། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ཐབས་གནང་ན་ཡང་། རྒྱ་གཞུང་གིས་རྩ་ཁྲིམས་ཚུལ་བཞིན་ལག་བསྟར་བྱེད་རྒྱུའི་ཚབ་ཏུ་ཁོང་ཕྱི་ལོ་༢༠༡༦ ལོ་སྟོད་དུ་ཁོང་གསང་བའི་ཐོག་ནས་འཛིན་བཟུང་བྱས་པ་མ་ཟད། ཕྱི་ལོ་༢༠༡༨ ལོར་ཉིན་གཅིག་གི་ཁྲིམས་བཤེར་ལས་མེད་པར་ཁོང་ལ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ན་ནིང་ཕྱི་ཟླ་༡ པོའི་ནང་བཙོན་འཇུག་ལོ་ཡུན་ཡོངས་སུ་ཚང་ནས་གློད་གྲོལ་ཐོབ་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།