བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དེ་རྒྱ་གཞུང་གི་སྒྲིག་ཁྲིམས་ལྟར་འགྲོ་དགོས་པར་བརྗོད་འདུག 

ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་པར།

རྒྱ་ནག་གཞུང་གིས་འདས་པའི་དུས་ཡུན་རིང་པོ་ནས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཐེ་བྱུས་བྱེད་ཀྱི་ཡོད་པ་བཞིན། ཉེ་ཆར་རྒྱ་གཞུང་གིས་བོད་ནང་དུ་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་ཆོས་ལུགས་མཁས་དབང་ཟེར་བ་༥༠ ལྷག་བསྐོངས་ནས། ༧གོང་ས་མཆོག་གིས་ཁོང་གི་མ་འོངས་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་གསལ་བསྒྲགས་མ་གནང་གོང་། མ་འོངས་པར་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དེ་རྒྱ་ནག་གཞུང་གིས་ཆོག་མཆན་ཐོབ་དགོས་སྐོར་གྱི་ཚོགས་འདུ་ཞིག་འཚོགས་ཡོད་འདུག 

ཕྱི་ཚེས་༦ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་པེ་ཅིང་ལ་ཡོད་པའི་རྒྱ་ནག་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་ཟེར་བ་དེའི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་ཆོས་ལུགས་མཁས་དབང་ཟེར་བ་༥༠ ལྷག་བསྐོངས་ཏེ། མཚོ་སྔོན་ཞིང་ཆེན་ལན་གྲུ་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དང་འབྲེལ་བའི་སྲིད་ཇུས་དང་སྒྲིག་གཞིའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞེས་པ་ཞིག་འཚོགས་ཡོད་འདུག  ཐེངས་འདིའི་ཚོགས་བཅར་བ་དག་བོད་རང་ལྗོངས་ཟེར་བ་དང་། ཟི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་བོད་མདོ་དབུས་ཁམས་གསུམ་ནས་ཡོང་ཡོད་པར་བརྗོད་ལ། ཚོགས་འདུའི་ཐོག་རྒྱ་ནག་གཞུང་འབྲེལ་ནང་བསྟན་མཐུན་ཚོགས་ཀྱི་དགེ་འདུན་པ་འགས་གཏམ་བཤད་བྱས་ཡོད་པ་དང་། དེའི་རྗེས་སུ་དགེ་འདུན་པ་དང་མཁས་དབང་ཟེར་བ་རྣམས་ཀྱི་བགྲོ་གླེང་ཚོགས་ཡོད་པར་བརྗོད་འདུག 

ཚོགས་འདུ་དེ་འཚོགས་དགོས་དོན་ནི། དེ་སྔོན་༧་གོང་ས་མཆོག་གིས་སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་སྐོར་སྐུ་ཉིད་ནས་ཁོང་གི་དགུང་གྲངས་༩༠ ལ་ཕེབས་དུས་ཐག་གཅོད་གནང་གི་ཡིན་གསུངས་ཡོད་པ་ལྟར། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ཐག་གཅོད་མ་གནང་བའི་སྔོན་ནས། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་ཆོས་ལུགས་མཁས་པ་ཟེར་བ་དག་བསྐོངས་ནས་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཚོའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དེ་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ལྟར་འགྲོ་དགོས་པར་བརྗོད་ཡོད་འདུག་པ་དང་། སྙན་ཐོའི་ནང་གཏམ་བཤད་དང་བགྲོ་གླེང་གི་ནང་དོན་ཞིབ་ཕྲ་བཀོད་མེད་ཀྱང་། ཚོགས་འདུ་འདིས་ཞི་ཅིན་ཕིང་གི་དགོངས་པར་མཐུན་པ་དང་། རྒྱ་ནག་གུང་ཁྲན་ཏང་གི་ཆོས་ལུགས་ལས་དོན་དང་བོད་དོན་སྲིད་བྱུས་ལག་བསྟར་ནན་ཏན་བྱས་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བདེ་ཐང་དར་སྤེལ་དང་། དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོར་འགྱུར་བར་ཕན་ཐོགས་ཡོང་རྒྱུ་ཡིན་ཚུལ་སོགས་བཀོད་ཡོད་འདུག་ལ། ཚོགས་འདུ་དེའི་བརྒྱུད་ནས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། ཆོས་བྱུང་། སྲིད་བྱུས། ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་གོ་རྟོགས་སྤེལ་ཐབས་དང་། གཞུང་གི་ཆོག་མཆན་ཡོད་པའི་ཐོག་ནས་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་སྲིད་བྱུས་དག་གལ་ཆེན་ཡིན་པ་སོགས་ཤེས་རྟོགས་ཡོང་ཆེད་ཡིན་པར་བརྗོད་ཡོད་འདུག 

ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་པར།

དེ་བཞིན་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཀྱི་ཆ་རྐྱེན་གང་དགོས་པ་དེ། ཕྱི་ལོ་༢༠༠༧ ལོར་གཏན་འབེབས་བྱས་པའི་ཁྲིམས་ལུགས་གཞིར་བཟུང་ནས་རྒྱ་ནག་གཞུང་གིས་ངོས་འཛིན་ཡོད་པ་ཞིག་དགོས་པར་བརྗོད་ཡོད་པ་དང་། ༧གོང་ས་མཆོག་ད་ལྟ་དགུང་གྲངས་༨༩ ལ་ཕེབས་ཡོད་པ་དང་། ༧་གོང་ས་མཆོག་ནས་ཁོང་གི་མ་འོངས་ཡང་སྲིད་དེ། ཁོང་དགུང་གྲངས་༩༠ ལ་ཕེབས་དུས་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པར་བརྟེན། ད་ཆར་རྒྱ་གཞུང་གིས་༧་གོང་ས་མཆོག་གིས་ཡང་སྲིད་སྐོར་ཐག་གཅོད་མ་གནང་གོང་རྒྱ་གཞུང་གིས་སྐུའི་ཡང་སྲིད་དེ་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ལྟར་འགྲོ་དགོས་པར་བརྗོད་པའི་གནས་ཚུལ་བཀོད་འདུག 

གཞན་ཡང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྟར་ན། ༧གོང་ས་མཆོག་སྐུ་གཤེགས་རྗེས་ཁོང་བྱིས་པ་ཆུང་ཆུང་ཞིག་གི་ངོ་བོར་ཡང་སྲིད་འཁྲུངས་ཀྱི་ཡོད་པ་དང་། བྱིས་པ་དེ་ཉིད་འཚོལ་ཞིབ་དང་ཆོ་ག་ཕྱག་ལེན་མང་པོའི་བརྒྱུད་ནས་ངོས་འཛིན་བྱེད་དགོས་ལ། སྔར་སྲོལ་ལྟར་ན་བོད་ཀྱི་བླ་ཆེན་རྣམ་པས་ཡང་སྲིད་ངོས་འཛིན་གནང་གི་ཡོད། དུས་རབས་ ༡༨ པའི་མཇུག་ཙམ་ནས་མན་ཇུའི་གོང་མས་(༡༦༤༤-༡༩༡༡)གསེར་བུམ་དཀྲུག་འདོན་གྱི་ལམ་ནས་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ཐབས་ཤེས་བྱས་ཡོད་ཀྱང་། དུས་རབས་ ༢༠ པའི་འགོ་སྟོད་དུ་རྒྱ་ནག་ནང་ཁུལ་གྱི་དམག་འཁྲུག་དང་ཟིང་ཆས་རྐྱེན་པས་སྲོལ་རྒྱུན་དེར་བར་ཆད་བྱུང་ཡོད་ཚུལ་དང་། རྗེས་སུ་གུང་ཁྲན་ཏང་གིས་གསེར་བུམ་དཀྲུག་འདོན་གྱི་ལམ་སྲོལ་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ༢༠༠༧ ལོར་གཞུང་འབྲེལ་གྱི་སྒྲིག་གཞིའི་ནང་བཅུག་ཡོད་པར་བརྗོད་འདུག ད་དུང་ཕྱི་ལོ་༡༩༨༩ ལོར་བོད་ཀྱི་ཆོས་ལུགས་དབུ་ཁྲིད་གཞན་ཞིག་སྟེ་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས། ༡༩༩༥ ལོར་གཞུང་གིས་འཚོལ་ཞིབ་ཚོགས་པ་ཞིག་བཙུགས་ཏེ་གསེར་བུམ་དཀྲུག་འདོན་གྱི་ལམ་ནས་ཡང་སྲིད་ངོས་འཛིན་བྱས་ཡོད་ཀྱང་༧གོང་ས་མཆོག་གིས་ཡང་སྲིད་དེར་ངོས་ལེན་གནང་མེད་པར་བརྗོད་པ་དང་།

སྲོལ་རྒྱུན་ལྟར་ན། ༧་གོང་ས་མཆོག་གི་ཡང་སྲིད་རྗེས་མ་དེ་ད་ལྟའི་པཎ་ཆེན་རིན་པོ་ཆེས་ངོས་འཛིན་གནང་དགོས་ཤིང་། པཎ་ཆེན་རིན་པོ་ཆེ་ནི་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ཡིན་པར་བརྗོད་འདུག མུ་མཐུད་དུ་༡༩༥༠ ལོར་གུང་ཁྲན་ཏང་གིས་རྒྱ་ནག་གི་ནང་འཁྲུག་རྒྱལ་ཁ་ཐོབ་རྗེས་ལོ་གཅིག་གི་རྗེས་སུ་མི་དམངས་བཅིངས་བཀྲོལ་དམག་ཟེར་བས་བོད་ས་བཙན་བཟུང་བྱས། ༡༩༥༩ ལོར་རྒྱ་གཞུང་གིས་དབང་སྒྱུར་བྱས་རྗེས་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་སྐོར་དང་།  འདི་ལོར་གཞུང་འབྲེལ་ཆོས་ལུགས་དབུ་ཁྲིད་དང་མཁས་དབང་ཟེར་བ་ཚོས་ཐེངས་མང་པོར་༧་གོང་ས་མཆོག་གི་ཡང་སྲིད་སྐོར་ལ་པེ་ཅིང་གཞུང་གི་ལངས་ཕྱོགས་དེ་བསྐྱར་ནན་བྱས་ཡོད་པ།  ལོ་འདིའི་ཕྱི་ཟླ་ ༣ པའི་ནང་པེ་ཅིང་དུ་བརྗོད་གཞི་འདིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་པ་དང་།   ཕྱི་ཟླ་ ༦ པའི་ནང་རྒྱ་ནག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཟེར་བ་དེའི་ཆོས་ལུགས་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པས་བགྲོ་གླེང་ཚོགས་འདུ་ཞིག་གི་སྟེང་། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་དབང་ཆ་རང་བཞིན་གྱིས་པེ་ཅིང་ལ་ཡོད་ཚུལ་བཤད་པ་བཅས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།

ཁྱེད་ཀྱིས་གཟིགས་མེད་སྲིད།