བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་བྷེང་ལོར་གྱི་ཨེམ་ཨེསི་ར་མ་ཡ་གཙུག་ལག་སློབ་གཉེར་ཁང་དབར་མོས་མཐུན་གན་རྒྱ་བཞག
ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། བྷེང་ལོར་གྱི་ཨེམ་ཨེསི་ར་མ་ཡ་གཙུག་ལག་སློབ་གཉེར་ཁང་(M S Ramaiah University of Applied Sciences)གི་རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་(Centre for National Security Studies)གཉིས་དབར་མོས་མཐུན་གན་རྒྱ་ཞེས་པ་ཞིག་བཞག་འདུག
དེ་ཡང་མོས་མཐུན་གན་རྒྱ་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་དང་། རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་གི་འགན་འཛིན་སྐུ་ཞབས་ཇེ་ཝི་པར་སཊ་(JV Prasad)རྣམ་གཉིས་ཀྱིས་མཚན་རྟགས་བཀོད་ཡོད་འདུག་པ་དང། མཉམ་ལས་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་མཐོ་སྒང་གི་འཐབ་བྱུས་ཀྱི་གལ་གནད་དང་། ཁོར་ཡུག་གི་གནད་དོན། དེ་བཞིན་འཕགས་བོད་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་གི་འབྲེལ་ལམ་སོགས་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐོག་མཉམ་ལས་ཉམས་ཞིབ་དང་། ཤེས་རིག་བརྗེ་ལེན། སྲིད་བྱུས་གོ་རྟོགས་ཡར་རྒྱས་གཏང་རྒྱུ་དེ་ཡིན་འདུག མོས་མཐུན་གན་རྒྱ་དེ་ཉིད་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ དེ་རིང་ནས་ལག་བསྟར་བྱ་འགོ་བཙུགས་ཡོད་འདུག
ཕྱོགས་གཉིས་བར་མོས་མཐུན་གན་རྒྱར་མཚན་རྟགས་འགོད་རྒྱུ་དེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༨ ཉིན་ར་མ་ཡ་གཙུག་ལག་སློབ་གཉེར་ཁང་ལ་གཟིགས་སྐོར་གནང་སྐབས། གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་ཨེམ་ཨར་ཇ་ཡ་རམ་(M R Jayaram)དང་། རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་གི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྐབས་བྱུང་བ་ཞིག་ཡིན་འདུག མོས་མཐུན་གན་རྒྱ་འཇོག་རྒྱུའི་མཛད་སྒོའི་ཐོག་མར་རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་གི་ཉམས་ཞིབ་པ་རྒན་པ་སྐུ་ཞབས་བཱ་ལ་སུབ་ར་མ་ནི་ཡན་(Balasubramanian)དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་པ་རྒྱལ་མཚན་རྣམ་གཉིས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་འདུག་ཅིང་། དེ་རྗེས་རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་གི་འགན་འཛིན་སྐུ་ཞབས་ཇེ་ཝི་པར་སཊ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་རྣམ་གཉིས་ཀྱིས་ངོ་སྤྲོད་གསུང་བཤད་གནང་ཞིང། ཁོང་རྣམ་པས་སྒྲིག་འཛུགས་གཉིས་ལ་རྒྱལ་ཡོངས་བདེ་འཇགས་དང་ཐབས་བྱུས་དང་འབྲེལ་བའི་གནད་དོན་གལ་ཆེན་ཐོག་སྲིད་བྱུས་གོ་རྟོགས་དང་ཉམས་ཞིབ་ཡར་རྒྱས་གཏོང་ཐུབ་པའི་ནུས་པ་ཡོད་སྐོར་གསུངས། དེ་བཞིན་རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་གི་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་པི་ཨེམ་ཧེབ་ལི་ཀར་(PM Heblikar)ཀྱིས་དམིགས་བསལ་གསུང་བཤད་གནང་འདུག སྐབས་དེར་གསུང་བཤད་གནང་མཁན་རྣམ་པས་མཉམ་ལས་འབྲེལ་བ་འདིས་བོད་དོན་དང་འབྲེལ་བའི་མཁས་པའི་བརྩམས་ཆོས་དང་སྲིད་བྱུས་སློབ་སྦྱོང་ཡར་རྒྱས་གཏོང་བར་གལ་གནད་ཆེན་པོ་ཆགས་ཡོད་པའི་སྐོར་ནན་བརྗོད་གནང་ཡོད་འདུག
མོས་མཐུན་གན་རྒྱ་འདི་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་བོད་དང་འབྲེལ་བའི་སློབ་ཚན་ཐོག་མར་གཏན་འབེབས་བྱ་ཐུབ་པ་བྱུང་ཡོད་ཅིང། དེ་དང་འབྲེལ་ཏེ་རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་གི་འགན་འཛིན་གྱིས་གཙུག་ལག་སློབ་གཉེར་ཁང་ནས་བོད་རིགས་སློབ་ཕྲུག་ཚོར་ར་མ་ཡ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་པར་སློབ་ཡོན་གནང་རྒྱུ་ཡིན་པའི་སྐོར་ཡང་གསལ་བཤད་གནང་ཡོད། འདུ་འཛོམས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་དང་། བྷེང་ལོར་དུ་ཡོད་པའི་ལྷོ་སྤྱི་ལས་ཁུངས་ཀྱི་ལས་བྱེད་རྣམ་པ། དེ་བཞིན་རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་གི་ཚོགས་མི་རྣམས་ལྷན་ཞུགས་གནང་ཡོད་ཅིང་། ཁོང་རྣམ་པས་མཉམ་ལས་འབྲེལ་བ་འདིས་མ་འོངས་པར་སྲིད་བྱུས་ཉམས་ཞིབ་དང་སློབ་གཉེར་བརྗེ་ལེན་ཐོག་ཕན་ནུས་ཆེན་པོ་ཡོང་རྒྱུ་ཡིན་པའི་རེ་བ་བཏོན་གནང་ཡོད་འདུག
ཕྱི་ལོ་ ༢༠༢༣ ལོར་གསར་འཛུགས་བྱས་པའི་ཨེམ་ཨེསི་ར་མ་ཡ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་ནི། རྒྱ་གར་གྱི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོག་ཉམས་ཞིབ་བྱེད་མཁན་གྱི་ལྟེ་གནས་ཁང་ཞིག་ཡིན་པ་དང་། དེས་འཕྲུལ་རིག་གསར་པ་དང་། རྒྱ་མཚོའི་བདེ་འཇགས། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐོག་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།