བོད་ཀྱི་སྲོག་རྩ་གང་ཡིན་ནམ།

བོད་ཀྱི་སྲོག་རྩ་གང་ཡིན་ནམ་ཞེས་པའི་དྲི་བ་འདི་སླེབས་སྐབས། མི་མང་པོ་ཞིག་གིས་ཚམ་ཚོམ་གང་ཡང་མེད་པར་སྐད་དང་ཡི་གེ་རེད་ཅེས་ལན་འདེབས་ངེས་རེད། དེ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་ལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༧   ཕྱི་ལོ་ ༢༠༢༢/༦ /༡

བོད་ཀྱི་སྲོག་རྩ་གང་ཡིན་ནམ་ཞེས་པའི་དྲི་བ་འདི་སླེབས་སྐབས། མི་མང་པོ་ཞིག་གིས་ཚམ་ཚོམ་གང་ཡང་མེད་པར་སྐད་དང་ཡི་གེ་རེད་ཅེས་ལན་འདེབས་ངེས་རེད། དེ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་ལ། ཉེ་ཆར་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་གྱི་གཙོ་འགན་འོག་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་ཐུན་མོང་ནས་མི་ཤུགས་དང་རྒྱུ་གྲོན་གཉིས་ཐད་ནས་ཤུགས་བརྒྱབ་སྟེ་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣ ཡོད་པ་ཞིག་༧གོང་ས་མཆོག་གིས་དབུ་འབྱེད་གནང་བ་དང། སྐབས་དེར་ཡང་བླ་ཆེན་རྣམ་པ་དང་མཁས་པ་མང་པོ་ཞིག་གིས་བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་བཅས་བོད་ཀྱི་སྲོག་རྩ་ཡིན་པ་མགྲིན་དབྱངས་གཅིག་གྱུར་གྱིས་གསུངས་སོང། ད་ལྟའི་ཆར་ངོས་འཛིན་བྱེད་སྟངས་འདི་ནི་ཕྱོགས་གང་ནས་བསམ་ཡང་གནས་ལུགས་དང་རྒྱུ་མཚན་ཡོད་པ་དང། ལྷག་པར་རྒྱ་དམར་གཞུང་གིས་མི་རིགས་དང་རིག་གཞུང་བཙན་རྒྱལ་རིང་ལུགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཡོང་བའི་སྐབས་སུ་ཕྱོགས་ཡོངས་ནས་བོད་ཀྱི་སྲོག་རྩ་ངོས་འཛིན་བྱེད་སྟངས་དེ་གཏན་ནས་ནོར་མེད།

ད་ལན་ཚིག་མཛོད་ཆེན་མོ་དེ་ལ་མཚོན་ན་བོད་ཀྱི་ཚིག་མཛོད་རྙིང་པ་བོད་རྒྱ་ཚིག་མཛོད་ཆེན་མོ་དང། དག་ཡིག་གསར་བསྒྲིགས་སོགས་བོད་ཕྱི་ནང་གི་ཚིག་མཛོད་ཁག་གཞི་རྩར་བཟུང་ནས་ཐ་སྙད་གསར་པ་མང་དག་ཅིག་ཁ་སྣོན་དང། གཙོ་བོ་ཆོས་བརྒྱུད་ཁག་གི་ཆོས་ཚིག་རྣམས་བསྡུ་སྒྲིག་བྱས་འདུག འདི་ལ་བརྟེན་ནས་བོད་སྐད་ཡིག་ལ་ཞབས་འདེགས་ཆེན་པོ་ཞིག་དང། ལྷག་པར་དུ་ཁ་པར་དང་གློག་ཀླད་བརྒྱུད་ནས་བེད་སྤྱོད་ཐུབ་པ་ནི་དུས་ཚོད་དང་འཚམས་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ཚིག་མཛོད་ཆེན་མོ་འདི་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གནས་ལ་ཞབས་འདེགས་བླ་ན་མེད་པ་ཞིག་བསྒྲུབས་ཡོད་པས། མ་འོངས་པར་བོད་ཀྱི་ལོ་རྒྱུས་ནང་དུས་ནམ་ཡང་ནུབ་མི་སྲིད་པའི་ལེའུ་ཞིག་ཏུ་གྱུར་ཡོད་པས། གཙོ་འགན་པ་དང་ལས་འཆར་འདིར་དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་གནང་མཁན་དགའ་ལྡན་ཕོ་བྲང་སོགས་དང། སྔ་རྗེས་སུ་མིང་ཚིག་བསྡུ་རུབ་དང་གཏན་འབེབས་གནང་མཁན་ཚང་མའི་ནུས་པ་མཉམ་སྤུངས་ལ་བརྟེན་ནས་བྱུང་ཡོད་པས་བཀའ་དྲིན་ཆེན་པོ་རེད།

སྐབས་འདིར་བོད་ཀྱི་སྲོག་རྩ་གང་དང་གང་ཡིན་གྱི་ཐོག་ནས་བཤད་ན། གོང་དུ་བརྗོད་པ་བཞིན་ཆོས་དང་རིག་གནས་སྐད་ཡིག་བཅས་གལ་ཆེན་པོ་ཡིན་པ་དང། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་སྲ་བརྟན་དང་ཡུན་གནས་ཐུབ་པར་དཔལ་འབྱོར་ཡང་གལ་ཆེན་པོར་གྱུར་ཡོད། ཤེས་ཡོན་དང་དཔལ་འབྱོར་ཚང་མ་རང་སྐྱ་འཕེར་བའི་ཐོག་ནས་གནས་ཐུབ་པ་ལ་གལ་ཆེ་ཤོས་རྒྱལ་ཁབ་ཀྱི་བདག་དབང་དང། མི་མང་གི་རང་དབང་དེ་གལ་ཆེ་ཤོས་ནང་གི་ཆེ་ཤོས་སུ་གྱུར་ཡོད་པས། བོད་དང་བོད་མི་རིགས་ཀྱི་སྲོག་རྩ་གང་དང་གང་ཡིན་མིན་ཐོག་ནས་བསམ་བློ་བཏང་བའི་སྐབས་བོད་ཀྱི་ཤེས་ཡོན་རིག་གནས་དང། དཔལ་འབྱོར། རྒྱལ་ཁབ་ཀྱི་བདག་དབང་བཅས་གཅིག་ལས་གཅིག་གལ་ཆེ་བ་དང། གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡོད་པ་འབའ་ཞིག་ཡིན། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཤེས་ཡོན་དང་སྤྱི་ཚོགས་བདེ་དོན་ལ་ཤུགས་སྣོན་ཆེན་པོ་རྒྱག་གི་ཡོད་ཀྱང། དཔལ་འབྱོར་གྱི་ཐོག་ནས་རོགས་རམ་ཐབས་འཚོལ་ཙམ་ལས་འཆར་གཞི་གཞན་གང་ཡང་མེད།

བོད་དང་བོད་མིའི་སྲོག་རྩར་གྱུར་པའི་སྐད་ཡིག་གནས་པ་ལ་རང་སྐྱ་འཕེར་པའི་དཔལ་འབྱོར་ཞིག་མེད་ན་རྒྱུན་འཛིན་དར་སྤེལ་མི་ཐུབ་ལ། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་བྱེད་མཁན་གྱི་དགོན་པ་དང་སློབ་གྲྭ་ཁག་གང་ལ་བལྟས་ཀྱང་དཔལ་འབྱོར་གྱི་མཐུན་རྐྱེན་མེད་ན། ད་བར་བྱུང་བའི་གྲུབ་འབྲས་འདི་འདྲ་ཞིག་གཏན་ནས་ཡོང་ཐབས་མེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་ཚོགས་ནང་ཚོང་ལས་གཉེར་རྒྱུའམ། ཚོང་ལས་གཉེར་མཁན་རིགས་ལ་མཐུན་རྐྱེན་སྦྱར་ནས་ཡར་རྒྱས་གཏོང་དགོས་པ་ནི་གལ་ཆེན་པོར་གྱུར་ཡོད། ཇེའུ་མི་རིགས་མི་ལོ་༢༠༠༠ ལྷག་བཙན་བྱོལ་དུ་གནས་དགོས་བྱུང་ཡང། རང་བཙན་སླར་གསོ་ཐུབ་ཡོད་པ་དང། དེ་ནི་ཆོས་དང་རིག་གནས་ཙམ་མ་ཟད། རྒྱུ་ནོར་དང་གྲུབ་འབྲས་ནི་ཇེའུ་རིགས་ཀྱིས་གལ་ཆེན་པོར་བརྩིས་ཏེ། སྐྱེས་བུ་དམ་པ་རྒྱུ་ནོར་ལ་དགའ་ཡང་དེ་ལ་རྩ་དོན་ཡོད་པར་ཡིད་ཆེས་བྱས་ནས། ཇེའུ་རིགས་ནི་འཛམ་གླིང་སྟེང་ཆེས་སྤྱང་གྲུང་ལྡན་པའི་ཚོང་པ་ཡིན་ལ། ཇེའུ་མི་རིགས་ཀྱི་ངོས་ནས་མི་རེ་རེ་བཞིན་རྒྱུ་ནོར་འཚོལ་རྒྱུ་ནི་ངེས་པར་སློབ་དགོས་པའི་ཐབས་རྩལ་ཞིག་ཡིན། ཇེའུ་མི་རིགས་ནི་ཆུང་དུས་ནས་བརྩོན་པ་བསྐྱེད་ན་འབྲས་བུ་ཡོད་པའི་ལྟ་བ་རང་བཞིན་གྱིས་གྲུབ་ཡོད། 

མདོར་ན་བཙན་བྱོལ་ནང་ཆོས་དང་རིག་གནས་རྒྱུན་འཛིན་དང། འཐབ་རྩོད་ཀྱི་བསམ་བློ། གཞུང་སྒེར་གཉིས་ངོས་ནས་གཞན་བརྟེན་ཙམ་མ་ཡིན་པར་དཔལ་འབྱོར་གསོག་སྒྲུབ་བྱེད་ཐུབ་པའི་ཚོང་ལས་ཀྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་ཐུབ་ན། ཇེའུ་མི་རིགས་བཙན་བྱོལ་དུ་མི་ལོ་༢༠༠༠ ལྷག་གནས་དགོས་བྱུང་ཡང། ཤེས་ཡོན་དང་དཔལ་འབྱོར་གང་ཐད་ནས་འགྲན་ཟླ་བྲལ་བའི་མི་རིགས་ཤིག་ཏུ་གྱུར་པ་བཞིན། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དཔལ་འབྱོར་གྱི་ཐོག་ནས་རོགས་རམ་ཐབས་འཚོལ་ཁོ་ན་བྱ་རྒྱུ་དེ་བླང་བྱ་དང། ཚོང་ལས་དང་ཁེ་གཉེར་གྱི་རིགས་སྤང་བྱ་ཁོ་ནར་བརྩི་བའི་ལངས་ཕྱོགས་དེ་དོར་དགོས་པ་མ་ཟད། ཁེ་ལས་གཉེར་སྐྱོང་གི་རིགས་ལ་ཐབས་ཤེས་གང་ཡོད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ནམ་ཞིག་ཕྱིའི་རོགས་རམ་ཆད་པའི་དུས་ཚོད་ཅིག་བྱུང་ན་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལོ་རེ་ཟུང་ལས་གནས་མི་ཐུབ་པས་བོད་ཀྱི་སྲོག་རྩ་དམ་འཛིན་བྱ་རྒྱུར་དཔལ་འབྱོར་ནི་མེད་ཐབས་མེད་པ་ཞིག་ཏུ་ངོས་འཛིན་བྱེད་རན་འདུག།། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།