བོད་དོན་དང་རང་ཐག་རང་གཅོད།

ཉེ་ཆར་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་ཡིག་ནང་བོད་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་མ་ཡིན་པ་དང་། མ་འོངས་པར་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཚུལ་ཡང་འཁོད་འདུག ཁེ་ན་ཌའི་གྲོས་ཚོགས་ཀྱིས་ཀྱང་དེ་མཚུངས་བཞིན་ཁྲིམས་ཡིག་ཅིག་གཏན་འབེབས་གནང་ཡོད་ཚུལ་འདུག བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་གནད་དོན་འདི་དག་ནི་ཧ་ཅང་གལ་ཆེའི་རང་བཞིན་དུ་གྱུར་ཡོད་ལ། རྒྱལ་སྤྱིའི་ཐོག་ནས་བོད་དོན་ངོས་འཛིན་བྱེད་སྟངས་ལ་འགྱུར་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་པས། བོད་པ་རང་ངོས་ནས་ཀྱང་དེ་མཚུངས་བཞིན་ཁ་ཕྱོགས་གསར་པ་ཞིག་ཏུ་བསྐྱོད་རྒྱུའི་འབད་བརྩོན་བྱེད་མ་ཐུབ་པར། ད་དུང་དབུ་མའི་ལམ་གྱི་མིང་ཐོག་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིགས་ས་གནས་རང་སྐྱོང་ཙམ་རྩོད་རྒྱུའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་ན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་བོད་པ་གྲོགས་མེད་ཁེར་རྐྱང་དང་། བོད་དོན་ནུས་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཡོད། 

ད་ལྟའི་དུས་འདིར་རྒྱ་ནག་གིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་གཡོ་སྒྱུ་ཁྲམ་གསུམ་དང་། ཧམ་ཤེད་ཁོ་ན་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་ཕན་གཡོ་ལེན་བྱེད་བཞིན་ཡོད། ཨ་རིས་གཙོས་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལས་རིམ་མང་དག་ཅིག་ཡོད་པའི་ནང་ནས། རྒྱ་ནག་ལ་གནོན་ཤུགས་སུ་འགྲོ་བའི་གནད་དོན་ག་འདྲ་ཞིག་ཡོད་ཀྱང་དེ་ལ་རོགས་རམ་དང་བདག་སྐྱོང་བྱ་རྒྱུ་དེའང་གཅིག་ཡིན། གལ་སྲིད་ད་མུས་བཞིན་བོད་དོན་དེ་རྒྱ་ནག་གཞུང་གི་ཁེ་ཕན་ཁོ་ན་དང་འབྲེལ་བའི་ཐོག་ནས་ཐག་གཅོད་བྱ་རྒྱུའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མ་བཏང་ན། བོད་དོན་འཐབ་རྩོད་ཀྱང་རིམ་པས་འཇའ་ཡལ་བ་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། འཐབ་རྩོད་ཀྱི་དམིགས་ཡུལ་བརྟན་པོར་འཛིན་དགོས་ཀྱང་། ཁ་ཕྱོགས་སམ་བྱེད་སྟངས་ལ་འགྱུར་བ་གང་ཡང་མ་བཏང་བར་མུ་མཐུད་ཨུ་ཚུགས་མཐའ་སྐྱེལ་བྱས་ན། བོད་རྒྱལ་ཁབ་སླར་གསོ་མི་ཐུབ་པ་མ་ཟད། བོད་ཀྱི་མི་རབས་ཚ་བརྒྱུད་རྣམས་རྒྱ་གཞུང་གི་མནར་གཅོད་འོག་གནས་ངེས་རེད། 

རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཁོར་ཕྱོགས་ཐོག་ནས་བལྟས་ན། དེང་སྐབས་འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་གཞུང་གི་བྱུས་ངན་ལ་གདོང་ལེན་བྱེད་བཞིན་པ་ནི། བོད་དོན་རྒྱབ་སྐྱོར་ལ་གོ་སྐབས་འཕར་མ་ཞིག་ཏུ་གྱུར་ཡོད་པ་དང་། ཉེ་ཆར་ཨ་རི་དང་། ཁེ་ན་ཌ་སོགས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་ནང་དོན་གྱི་ཐོག་ནས་ཀྱང་ཁ་ཕྱོགས་གསར་པ་ཞིག་མཚོན་ཐུབ། སྟོབས་ཆེན་རྒྱལ་ཁབ་འདི་དག་གིས་བོད་དོན་ལ་རྒྱབ་སྐྱོར་བྱས་ཡོང་བའི་སྐབས་སུ་བོད་པའི་ངོས་ནས་ཀྱང་མདུན་སྐྱོད་བྱེད་ཐུབ་དགོས་པ་ལས། མདུན་དུ་བསྐྱོད་འདོད་གཏན་ནས་མེད་མཁན་ཞིག་ལ་རྒྱབ་ནས་ཇི་ཙམ་བསྐྱོར་ཡང་ཕན་ཐོགས་གང་ཡང་མེད། རྒྱབ་ནས་སྐྱོར་མཁན་གང་ཡང་མེད་ཀྱང་སྙིང་རུས་ཀྱིས་མདུན་དུ་སྐྱོད་མཁན་ཞིག་ཡིན་ན། སྔ་རྗེས་ཙམ་མ་གཏོགས་རིམ་པས་རྒྱབ་ནས་སྐྱོར་མཁན་ཡོང་ངེས་པ་དང་། བོད་དོན་འཐབ་རྩོད་ལའང་བོད་མི་རང་ངོས་ནས་ཡར་རྒྱས་གང་ཡང་མེད་ཀྱང་རྒྱལ་སྤྱིའི་སྟེང་ནས་རེ་བ་གསར་པ་ཞིག་མངོན་བཞིན་ཡོད།

བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཀྱང་ད་ནས་བཟུང་རིམ་པས་རང་ཐག་རང་གཅོད་ཐོག་འབབ་དགོས་པ་ལས། མུ་མཐུད་རྒྱ་ནག་གི་ཆ་ཤས་བྱ་རྒྱུའི་གྲ་སྒྲིག་བྱེད་མི་རུང་། བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔ་མོ་ནས་ཐག་གཅོད་གནང་ཟིན་པ་ཞིག་རེད་ལ། ད་ལྟའི་ཆར་ཨ་རི་དང་། ཁེ་ན་ཌས་ཁྲིམས་ཐོག་ནས་གཏན་འབེབས་གནང་བ་རེད། ད་དུང་རྒྱ་གར་དང་། དབྱིན་ཡུལ། ཡུ་རོབ་སོགས་སུ་དེ་ལུགས་ཀྱིས་འབད་བརྩོན་བྱེད་ཐུབ་ན་འདི་ལྟ་བུའི་ངོས་འཛིན་དང་ཁྲིམས་ཐོག་ནས་རྒྱབ་སྐྱོར་འཐོབ་རྒྱུའི་གོ་སྐབས་ཡོད། འོན་ཀྱང་བོད་པ་རང་ངོས་ནས་རང་ཐག་རང་གཅོད་ལ་བསྐྱོད་རྒྱུའི་དམིགས་ཡུལ་དང་ཁ་ཕྱོགས་སེམས་ཤུགས་བཅས་གང་ཡང་མེད་ན། རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་འཁོད་པ་རྣམས་ཡིག་ཆ་སྟོང་པ་ཙམ་ལས་ལག་ལེན་དུ་འཁེལ་མི་སྲིད། ད་ལན་ཁྲིམས་ཡིག་དེ་དག་ནང་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱས་པ་དེར་བོད་མི་ཚང་མ་དགའ་འོས་པ་ཞིག་རེད།

མདོར་ན་ལོ་རྒྱུས་ནང་བོད་རྒྱ་ནག་གི་ཆ་ཤས་མིན་པ་དང་། མ་འོངས་པར་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་བཅས་ཨ་རིས་གཙོས་རྒྱལ་སྤྱིའི་ངོས་འཛིན་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། བོད་པའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་༧གོང་ས་མཆོག་གི་དགོངས་གཞི་ཡིན་པས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཞིག་མེད་ན་ཁྲིམས་དོན་གཉིས་ཐོག་ནས་འགྱུར་བ་འགྲོ་མི་སྲིད་པས། བོད་མི་ཡོངས་ཀྱིས་མང་མོས་འོས་བསྡུའི་ཐོག་ནས། རང་བཙན་གཙང་མ་དང་། དབུ་མའི་ལམ། རང་ཐག་རང་གཅོད་སོགས་གང་དུ་བསྐྱོད་དགོས་མིན་མི་མང་གི་འདོད་མོས་བཞིན་ཐག་གཅོད་དགོས་པའི་བཀའ་སློབ་ཅིག་གནང་རྒྱུའི་དུས་ལ་བབས་འདུག་སྙམ། མ་འོངས་པར་མིའི་གནད་དོན་མི་ཡིས་ཐག་གཅོད་དགོས་པ་ལས་གཟུགས་མེད་ལྷ་སྲུང་ལ་ཁ་གཡར་ཏེ་“མི་ཨུ་ཐུག་ནས་ལྷ་ལ་དྲིས། ལྷ་ཨུ་ཐུག་ནས་སྐྱག་རྫུན་བཤད་”ཅེས་པ་དང་། “ལྷ་ཁོག་ལ་མི་ཞུགས། མི་ཁོག་ལ་འདྲེ་ཞུགས་”ཞེས་པ་བཞིན་མི་འོས་པར་མ་འོངས་པར་འགྱུར་བ་ཞིག་ངེས་པར་དུ་གཏོང་རན་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།