བོད་དོན་ཞི་བའི་གོམ་བགྲོད་ཐེངས་གསུམ་པ་དེ་འགོ་འཛུགས་བྱས།

ཁེ་ན་ཊ་གནས་བཞུགས་བྱེད་མཁན་སངས་རྒྱས་སྐྱབས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། ཁེ་ན་ཊ་དང་རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་བོད་དོོན་ཞི་བའི་གོམ་བགྲོད་ཐེངས་གསུམ་པ་དེ་ཟླ་འདིའི་ཚེས་༡༡ ཉིན་ཁེ་ན་ཊའི་ནང་དུ་འགོ་འཛུགས་བྱས་སོང་།

ཁེ་ན་ཊ་གནས་བཞུགས་བྱེད་མཁན་སངས་རྒྱས་སྐྱབས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། ཁེ་ན་ཊ་དང་རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་བོད་དོོན་ཞི་བའི་གོམ་བགྲོད་ཐེངས་གསུམ་པ་དེ་ཟླ་འདིའི་ཚེས་༡༡ ཉིན་ཁེ་ན་ཊའི་ནང་དུ་འགོ་འཛུགས་བྱས་སོང་།

ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་དང་འབོད་སྒྲ་གཙོ་བོ་དོན་ཚན་ལྔ་ཡོད་པ་དང་། དོན་ཚན་དེ་དག་ནི་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་དང་རྒྱ་ནག་བར་ཞི་བའི་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ། པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་དག་གློད་གྲོལ་གཏོང་དགོས་པ། རྒྱ་ནག་གིས་དྲག་གནོན་འོག་ཕྱི་ལོ་༢༠༠༩ ནས་བཟུང་ད་བར་བོད་མི་༡༧༠ ལྷག་གིས་རང་ལུས་མེ་སྲེག་གི་ལས་འགུལ་སྤེལ་ཡོད་པར་བརྟེན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དགོས་པ། རྒྱ་ནག་གིས་བོད་ནང་གི་འཁོར་ཡུག་གཏོར་བཅོམ་བཏང་བའི་དབང་གིས་ཐ་ན་སའི་གོ་ལ་འདི་ཡང་ཉེན་ཁའི་ཁྲོད་དུ་སྐྱེལ་གྱི་ཡོད་པས་རྒྱ་ནག་གི་འཛུགས་སྐྲུན་ཡར་རྒྱས་ཀྱི་སྲིད་བྱུས་དེ་མཚམས་འཇོག་བྱེད་དགོས་པ་བཅས་ཡིན་འདུག

གཞན་ཡང་སངས་རྒྱས་སྐྱབས་དང་རབ་དགའ་གཉིས་ཀྱིས་བོད་ལ་ཁྱེད་ཀྱི་རྒྱབ་སྐྱོར་དགོས་ཞེས་པའི་ཡིག་ཆ་དྲུག་སྟོང་ལྷག་འགྲེམས་སྤེལ་བྱེད་འཆར་འདུག་ལ། ཡིག་ཆ་དེའི་ཐོག་ཏུ་ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་ནས་བོད་ལ་བཙན་འཛུལ་བྱས་ནས་ད་བར་མི་ལོ་༦༣ འཁོར་གྱི་ཡོད་པ་དང་། ཨ་རིའི་རང་དབང་ཁང་པས་བཏོན་པའི་ཞིབ་འཇུག་གི་སྙན་ཐོའི་ནང་དུ་བོད་དེ་འཛམ་གླིང་ཐོག་གི་རང་དབང་ཆེས་ཉུང་ཤོས་ཀྱི་རྒྱལ་ཁབ་གཉིས་པ་དེ་ཡིན་སྐོར་དང་། ཕྱི་ལོ་༢༠༠༩ ནས་བཟུང་ད་བར་བོད་མི་༡༧༠ ལྷག་གི་རང་ལུས་མེ་སྲེག་གི་ལས་འགུལ་སྤེལ་ཡོད་སྐོར་བཀོད་འདུག 

སངས་རྒྱས་སྐྱབས་ཀྱིས་ཕྱི་ལོ་༢༠༡༨ ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཁེ་ན་ཊར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་མདུན་དུ་ལས་འགུལ་སྤེལ་འགོ་བཙུགས་ནས། ད་བར་མི་ལོ་བཞིའི་རིང་ལས་འགུལ་ཐེངས་༢༡༢ ཙམ་སྤེལ་ཡོད་འདུག་པ་མ་ཟད། བོད་དོན་ཞི་བའི་གོམ་བགྲོད་ཐེངས་དང་པོ་དེ་ཕྱི་ལོ་༢༠༢༠ ལོའི་ཕྱི་ཟླ་དྲུག་པའི་ནང་དུ་སྤེལ་ཡོད་པ་དང་། ཐེངས་གཉིས་པ་དེ་ནི་ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་དྲུག་པའི་ནང་དུ་སྤེལ་ཡོད་འདུག་ལ་བོད་དོན་ཞི་བའི་གོམས་བགྲོད་ཐེངས་རེ་ལ་ཉིན་གྲངས་ཉི་ཤུ་ལྷག་གི་རིང་གོམ་བགྲོད་བྱས་ཡོད་འདུག

ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་དུ་ཨ་རི་མི་ནི་སོ་ཊར་གནས་སྡོད་བྱེད་མཁན་རབ་དགའ་མཉམ་ཞུགས་བྱེད་ཡོད་པ་དང། བོད་དོན་ཞི་བའི་གོམ་བགྲོད་དེའི་ཆེད་དུ་ཨ་རི་མི་ནི་སོ་ཊ་ལ་ཡོད་པའི་ཏྲེ་ཧོར་སྐྱིད་སྡུག་ཚོགས་པས་ཨ་སྒོར་དྲུག་སྟོང་ལྷག་ཞལ་འདེབས་སུ་ཕུལ་ཡོད་འདུག

སངས་རྒྱས་སྐྱབས་ཀྱིས་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་དེ་ནི་ཊོ་རོ་ཊོ་ལ་ཡོད་པའི་རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་ནས་ཨོ་ཊ་ཝ་ཁུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་བར་དུ་བྱེད་འཆར་ཡོད་པར་བརྟེན། ཧ་ལམ་ཉི་མ་ཉེར་ལྔ་ཙམ་འགོར་གྱི་ཡོད་འདུག ཐེངས་འདིའི་ལས་འགུལ་དེ་ཚར་ན། ལོ་འདིའི་ཕྱི་ཟླ་བརྒྱད་པའི་ནང་དུ་ཁོང་གིས་རྐང་འཁོར་ཞོན་ནས་ཁ་ན་ཊི་རྒྱལ་ཡོངས་ལ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དང་། ལས་འགུལ་དེ་འདྲ་ཞིག་སྤེལ་འདོད་ཀྱི་བསམ་བློ་དང་འཆར་གཞི་ནི་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ཙམ་ནས་ཡོད་སྐོར་བརྗོད་འདུག

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།