བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་བསྒྲིལ་གནང་འདུག
བོད་ཀྱི་གྲོགས་པོ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ་སཱན་ཌེ་ཤ་མཱེ་ཤེ་རམ་མམ་བསམ་གཏན་ཡེ་ཤེས་ཀྱིས་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༡༠ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་གོ་རྟོགས་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། ཉིན་གྲངས་༣༣ རྗེས་སུ་ལས་འགུལ་དེ་མཇུག་བསྒྲིལ་གནང་འདུག
དེ་ཡང་ཟླ་༡ པོའི་ཚེས་༡༡ ཉིན་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཀྲ་ཀའི་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་སྡོད་ཁང་དུ། བོད་དོན་ལས་འགུལ་བ་སཱན་ཌེ་ཤ་མཱེ་ཤེ་རམ་འབྱོར་སྐབས། སྡོད་ཁང་གི་སློབ་ཕྲུག་དང་ལས་བྱེད་སོགས་ནས་ཕེབས་བསུ་ཞུས་ཡོད་འདུག འོན་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ལ་བརྟེན་ནས། མི་མང་འདུ་འཛོམས་སོགས་ཀྱི་མཛད་སྒོ་འཚོགས་ཐུབ་མེད་འདུག
ཁོང་གིས་ཟླ་༡༢ པའི་ཚེས་༡༠ ཉིན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མོན་གྷོ་ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀར་ན་ཀྲ་ཀ་དང་། ཀེ་རལ། ཏ་མིལ་ནཱ་ཌཱུ། པུ་ཌུ་ཅེ་རཱི་བརྒྱུད་སྦེང་ལོར་དུ་ཕྱི་ལོ་༢༠༢༢ ལོའི་ཟླ་༡ པོའི་ཚེས་༡༡ ཉིན་མཇུག་བསྒྲིལ་གནང་ཡོད་པ་རེད་འདུག
རྐང་འཁོར་སྐོར་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་མི་མང་ལ་བོད་དོན་སྤྱི་དང་། ཡང་སྒོས་བོད་ཀྱི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་རེད་འདུག ཕྱོགས་མཚུངས་རྐང་འཁོར་སྐོར་བསྐྱོད་བརྒྱུད་བོད་དང་རྒྱ་གར་བར་གྱི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱ་གར་མང་ཚོགས་ལ་རྒྱ་གར་གྱི་བྱང་ཕྱོགས་ས་མཚམས་བོད་དང་འཁེལ་གྱི་ཡོད་པ་ལས་རྒྱ་ནག་ལ་འཁེལ་གྱི་མེད་སྐོར་གོ་རྟོགས་སྤེལ་རྒྱུ་རེད་འདུག
དེསྔོན་སཱན་ཌེ་ཤ་མཱེ་ཤེ་རམ་(Sandesh Meshram)གྱིས་ཕྱི་ལོ་༢༠༡༤ དང་། ༢༠༡༦། ༢༠༡༧། ༢༠༡༩ བཅས་སུ་རྐང་འཁོར་ཐོག་བོད་དོན་གོ་རྟོགས་ལས་འགུལ་སྤེལ་ཏེ་ཁྱོན་ཀི་ལོ་མི་ཊར་༡༣༧༧༠ ཙམ་སྐོར་བསྐྱོད་བྱས་པ་དང་། ཁོང་གིས་རྐང་འཁོར་ཐོག་བོད་དོན་གོ་རྟོགས་ལས་འགུལ་ཐེངས་བཞི་པ་དེ་བཞིན་ཕྱི་ལོ་༢༠༡༩ ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་རལ་དང་། ཏ་མིལ་ནཱ་ཌཱུ། པུ་ཌུ་ཅེ་རཱི་བཅས་སུ་སྤེལ་འཆར་ཡོད་ནའང་ལམ་བར་དུ་འཕྲོད་བསྟེན་གྱི་དཀའ་ངལ་འོག་བར་མཚམས་བཞག་དགོས་བྱུང་ཡོད་པས། ཐེངས་འདིའི་རྐང་འཁོར་སྐོར་བསྐྱོད་དེ་བཞིན་དེ་སྔོན་བར་མཚམས་བཞག་པའི་འགྲུལ་བཞུད་མཇུག་སྐྱེལ་ཆེད་གོ་སྒྲིག་གནང་བ་ཞིག་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།