བོད་དོན་ལ་འགན་ཁུར་རྒྱུ་ཁག་ཏུ་འགྲོ་ཡི་ཡོད་པས་གཞོན་སྐྱེས་ཚོས་འཆར་གཞི་སྒྲིག་དགོས་སྐོར་གསུངས་སོང་།
“བོད་ཀྱི་གནད་དོན་སེལ་ཐབས་སུ་དབུ་མའི་ལམ་གྱི་ཐོག་ནས། ག་འདྲ་བྱེད་དགོས་རེད། དེ་སྔ་ཡིན་ན་སྐུ་ཚབ་ཕེབས་ནས་གྲོས་མོལ་ཡོད་པ་རེད། ཉེ་བའི་ཆར་སྐུ་ཚབ་རང་འགྲོ་ཡི་ཡོད་པ་མ་རེད་དེ། གཞུང་འབྲེལ་མ་ཡིན་པ་བརྒྱུད་ནས་འབྲེལ་བ་ཡོང་བསྡད་ཡོད་པ་རེད། དེའི་ཆེད་དུ་ག་རེ་བྱེད་རྒྱུ་ཡོད་པའི་བསམ་ཚུལ་ཡོད་ན་གསུངས་རོགས་གྱིས་”ཞེས་སྲིད་སྐྱོང་གིས་གསུངས་སོང་།
ཟླ་འདིའི་ཚེས་༡༦ ཉིན་གྱི་ཕྱི་དྲོ་དྷ་ས་གངས་སྐྱིད་ཀྱི་ཚོགས་ཁང་དུ་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་ཆེན་ཐེངས་གཉིས་པ་འགོ་འཛུགས་བྱས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བཀའ་རྒྱུད་དོན་གྲུབ་ཀྱིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་དང་། སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་རྣམ་པ་དང་། གྲོས་ཚོགས་ཚོགས་གཙོ་པདྨ་འབྱུང་གནས་དབུས་རྒྱུན་ལས་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་ཕེབས་ཡོད་པ་རེད།
ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་བྱས་པའི་ཐེངས་འདིའི་གཞོན་སྐྱེས་ཚོགས་འདུའི་ཐོག་ཕེབས་མཁན་ལོ་༢༠ ནས་༣༥ བར་ཡིན་པ་དང་། རྒྱ་བལ་འབྲུག་གསུམ་ནས་ཚོགས་ཞུགས་པ་ལྔ་བཅུ་དང་། དེ་མིན་གྱི་ཕྱི་རྒྱལ་ཁག་ནས་ཕེབས་མཁན་ལྔ་བཅུར་ས་མིག་སྤྲད་ནས། བསྡོམས་ཚོགས་ཞུགས་པ་༡༠༠ འཛོམས་ཡོད་པ་རེད། འཚོགས་འདུ་ཉིན་གསུམ་རིང་འཚོགས་ནས་ཚོགས་ཞུགས་པའི་ཁྲོད་རྩེ་ཕུད་གཞོན་སྐྱེས་ལྔ་འདེམས་འཆར་ཡོད་པ་དང་། དེ་ནི་ཚོགས་ཞུགས་པས་འོས་འཕངས་ནས་འོས་མི་ངོ་སྤྲོད་བྱས་རྗེས། ཚོགས་ཆུང་ནས་རྩེ་ཕུད་མི་ལྔ་འདེམས་རྒྱུ་ཡིན་པ་རེད།
ཚོགས་ཐོག་ཏུ་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་པ་སྤེལ་མཁན་མི་༢༠ ཡོད་པ་དང་། བརྗོད་གཞི་གཙོ་བོ་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱས་ནས། མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་དང་། བོད་ཕྱི་ནང་བར་འབྲེལ་ལམ་ཡོང་ཐབས། གཞོན་སྐྱེས་ཚོས་སྤྱི་ཚོགས་ནང་ལས་དོན་ག་རེ་བྱས་དང་བྱེད་བཞིན་ཡོད་མེད་ངོ་སྤྲོད་དང་། མ་འོངས་པར་ག་རེ་བྱེད་དགོས་མིན་གྱི་འཆར་གཞི། ད་དུང་ལོ་ལྔ་བཅུར་བཙན་བྱོལ་ནང་འདུག་དགོས་བྱུང་ན། བོད་མིའི་སྒྲིག་འཛུགས་ནས་ལས་དོན་ག་རེ་བྱེད་དགོས་མིན་མ་འོངས་འཆར་སྣང་བཅས་ཀྱི་ཐོག་གཏམ་བཤད་དང་བགྲོ་གླེང་བྱེད་རྒྱུ་ཡིན་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེས། ༧གོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་གསུངས་པ་བཞིན། བཀའ་ཤག་གིས་ལོ་ལྔའི་རིང་ག་རེ་བྱེད་དགོས་མིན་དང་། ལོ་ལྔ་བཅུའི་རིང་གི་འཆར་སྣང་ཞིག་དགོས་གལ་ཆེན་པོ་ཡིན་སྐོར་དང་འབྲེལ་ནས་གསུངས་སྐབས། “བོད་ཀྱི་གནད་དོན་སེལ་ཐབས་སུ་དབུ་མའི་ལམ་གྱི་ཐོག་ནས། ག་འདྲ་བྱེད་དགོས་རེད། ད་སྔ་ཡིན་ན་སྐུ་ཚབ་ཕེབས་ནས་གྲོས་མོལ་ཡོད་པ་རེད། ཉེ་བའི་ཆར་་སྐུ་ཚབ་རང་འགྲོ་ཡི་ཡོད་པ་མ་རེད་དེ། གཞུང་འབྲེལ་མ་ཡིན་པ་བརྒྱུད་ནས་འབྲེལ་བ་ཡོང་བསྡད་ཡོད་པ་རེད། དེའི་ཆེད་དུ་ག་རེ་བྱེད་རྒྱུ་ཡོད་པའི་བསམ་ཚུལ་ཡོད་ན་གསུངས་རོགས་གྱིས་”ཞེས་དང་། བོད་ཕྱི་ནང་གི་འབྲེལ་བ་སྤྱི་དང་། གཞོན་སྐྱེས་བར་འབྲེལ་ལམ་འཛུགས་ཐབས་སུ་བསམ་ཚུལ་དགོས་སྐོར་གསུངས་སོང་།
སྲིད་སྐྱོང་གིས་༧གོང་ས་མཆོག་གིས་བཀའ་དགོངས་བཞིན་མི་ཐོག་རྒན་པས་དཀའ་ལས་བརྒྱབ་ནས་བོད་མིའི་སྒྲིག་འཛུགས་དེ་སྐྱབས་བཅོལ་བ་གཞན་ལས་ལྷག་ཅིག་བྱུང་ཡོད་སྐོར་དང་། སྔོན་མ་ཡིན་ན་བོད་དོན་རྒྱབ་སྐྱོར་གང་ནས་རག་དགོས་ན་༧གོང་ས་མཆོག་དེར་ཕེབས་ནས་རྒྱབ་སྐྱོར་རག་གི་ཡོད་ནའང་། ད་ལྟ་༧གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཕེབས་ཐུབ་ཀྱི་མེད་པས། མ་འོངས་པའི་འགན་ཁུར་མཁན་གཞོན་སྐྱེས་ཚོར་སྔར་ལས་འགན་ཁུར་ཆེ་རུ་དང་དཀའ་ལས་ཁག་ཏུ་འགྲོ་ཡི་ཡོད་པས། ད་ལྟ་ནས་འཆར་གཞི་སྒྲིག་དགོས་པ་དང་འགོ་ཁྲིད་ཀྱི་ནུས་པ་བསྐྲུན་དགོས་སྐོར། དེ་རིང་གི་ཚོགས་ཞུགས་པ་ཚང་མ་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་དུ་ཡོང་དགོས་རེད། ད་ལྟ་བོད་ཀྱི་གནད་དོན་འཛམ་གླིང་སྡིངས་ཆའི་ཐོག་ཡོད་པ་དེ་གནས་ཐབས་ག་འདྲ་དགོས་མིན་གྲོས་བསྡུར་དགོས་པ་དང་། “༡༩༩༠ ནང་བོད་ཀྱི་གནད་དོན་དེ་འཛམ་གླིང་ནང་ཨང་དང་པོ་མིན་ནའང་། གཉིས་པ་རེད། པཱ་ལི་སི་ཐན་དང་བོད་རེད། དེང་སང་རྒྱ་ནག་འོག་ནས་ཡུ་གུར་དང་ཧོང་ཀོང་རེད། ཐའེ་ཝན་དང་། སི་རི་ཡ། ཝེ་ནི་ཛེམ་འཛམ་གླིང་ནང་མང་པོ་རེད། ད་ལྟ་བོད་དེ་རྩེ་ཏོག་བཅུ་ནང་ལ་ཚུད་སྲིད། དེ་གཞོན་སྐྱེས་ཚོས་གདོང་ལེན་བྱེད་དགོས་ས་རེད། ཁྱེད་ཚོར་འགན་ཡོད་པ་རེད་”ཅེས་དང་། བོད་དེ་རྒྱ་ནག་གིས་རྒྱ་སྡེར་སྒྱུར་གྱི་ཡོད་པ་དང་། དེང་སྐབས་ལ་དྭགས་དང་། འབྲས་ལྗོངས། བལ་ཡུལ་སོགས་ས་མཚམས་ཀྱི་མིའི་ནང་སྔོན་མ་ཁོང་ཚོའི་ས་མཚམས་བོད་རེད་ཟེར་མཁན་ཡོད་རེད། དེང་སྐབས་གཞོན་སྐྱེས་ནང་ས་མཚམས་རྒྱ་ནག་རེད་ཟེར་མཁན་རྐྱང་རྐྱང་ཡིན་པས། ངེས་པར་དུ་འགན་ཁུར་དགོས་པ་དང་། ང་ཚོ་རྒྱལ་ཁབ་སུ་ཞིག་གི་མི་སེར་ཆགས་ནས་དེར་ལས་ཀ་བྱས་ནའང་། ཕྱི་རྒྱལ་བས་མཐའ་མ་དེར་ལས་ཀ་བྱས་པ་ཡག་པོ་རེད་དེ། ཁྱེད་རང་གནས་སྤོས་པ་རེད། ང་ཨ་རིའི་མི་རེད་ཟེར་གྱི་རེད། སོ་སོ་བོད་བྱས་ནས་སྐྱབས་བཅོལ་ལ་ཡོང་བ་དང་ཕ་མ་བོད་ཡིན་པ་དྲན་པ་བརྗེད་མི་ཉན་སྐོར་དང་རྒྱ་ནག་གིས་བོད་ལ་གཏོར་བཤིག་སྐོར་སོགས་གསུངས་སོང་།
དེ་བཞིན་དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ན་གཞོན་ཚོགས་བཅར་བ་རྣམས་ལ། “མ་འོངས་པའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྤེལ་གསུམ་དང་། རང་དབང་འཐབ་རྩོད་ཀྱི་ལས་འགན་དེ་ཚོགས་བཅར་བ་ཚོར་རང་བཞིན་གྱིས་བབ་བསྡད་ཡོད་རེད། དེ་ནི་འཁྲིས་པའི་ལས་འགན་རེད། དེ་འདྲ་ཡིན་པས་མ་འོངས་པའི་མདུན་ལམ་ག་འདྲ་ཞིག་བཟོ་དགོས་ཀྱི་འདུག་དང་མི་འདུག་ལ་འདས་པའི་ལོ་རྒྱུས་ལའང་སློབ་སྦྱོང་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དྲུག་ཅུའི་དུས་ཚོད་དེ་ནས་མར་ལ་བོད་ཀྱི་རྩ་དོན་དེ་འཛམ་བུ་གླིང་ནང་བརླགས་ཚར་བ་རེད་གསུང་གི་ཡོད་རེད། ཡིན་ནའང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། མི་རབས་རྒན་པོ་ཚོས་སྐུ་ངལ་བསྐྱོན་པ་ལ་བརྟེན་ནས་འཛམ་གླིང་འདི་ནས་བརླག་ཡོད་མ་རེད། བོད་པའི་གནད་དོན་འདི་ལག་པ་མ་འཆང་ན་འགྲིག་པ་མེད་པའི་གནས་བབ་ཅིག་བསྐྲུན་ཡོད་རེད། དེ་འདྲ་བོ་ང་ཚོས་རྒྱུན་སྐྱོང་རྒྱུ་རེད། དེ་འདྲ་ཡིན་པས་ལྔ་དང་ལྔ་བཅུ་ཟེར་བ་དེ་ངའི་བསམ་བློ་གཏོང་སྟངས་ཀྱི་ཐོག་ན་བཤད་པ་ཡིན་ན། བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་གསལ་རྒྱུ་དེ་ཉེ་ན་ལོ་ལྔ་དང་། རིང་ན་ལོ་ལྔ་བཅུ། དེའི་ནང་ལ་ག་རེ་ཡིན་ན་ཡོང་སྲིད་པ་”ཞེས་གསུངས་པ་མ་ཟད། གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཚུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ཆ་ཚང་བ་ཤེས་པ། འཐབ་རྩོད་ཀྱི་ངོ་བོ་ཆ་ཚང་བ་ཤེས་པ། གཉིས་སྨན་དབུ་མའི་ལམ་ཚིག་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་ཤེས་པ་སོགས་བྱེད་རྒྱུ་གལ་ཆེ་ཚུལ་གསུངས་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།