བོད་ནང་གི་གསར་འགོད་རང་དབང་ཛ་དྲག་འོག་གནས་ཡོད་པ།

རྒྱ་ནག་གཞུང་གིས་རྒྱ་ནག་དང་བོད་སོགས་ཀྱི་ནང་དུ་དྲ་རྒྱར་ཞིབ་བཤེར་དོ་དམ་ནན་པོ་བྱས་ཏེ་གསར་འགོད་རང་དབང་གི་གནས་སྟངས་ཤིན་ཏུ་ཚབས་ཆེན་འོག་གནས་ཡོད་པ་དང་། བོད་ནང་དུ་ཕྱི་རྒྱལ་གསར་འགོད་པ་རང་དབང་ཐོག་ནས་བསྐྱོད་རྒྱུ་མེད་པ་མ་ཟད། བོད་ནང་གི་གསར་འགོད་པ་ཚོ་ཡང་གཅིག་འགྱུར་གྱི་བཀོག་སྡོམ་དང་སྟངས་འཛིན་འོག་ལས་དོན་བྱེད་དགོས་ཀྱི་ཡོད་པས། ཛ་དྲག་དང་སེམས་འཚབ་སྐྱེས་འོས་པའི་གནས་སྟངས་འོག་ལྷག་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་དང་བོད་སོགས་ཀྱི་ནང་དུ་དྲ་རྒྱར་ཞིབ་བཤེར་དོ་དམ་ནན་པོ་བྱས་ཏེ་གསར་འགོད་རང་དབང་གི་གནས་སྟངས་ཤིན་ཏུ་ཚབས་ཆེན་འོག་གནས་ཡོད་པ་དང་། བོད་ནང་དུ་ཕྱི་རྒྱལ་གསར་འགོད་པ་རང་དབང་ཐོག་ནས་བསྐྱོད་རྒྱུ་མེད་པ་མ་ཟད། བོད་ནང་གི་གསར་འགོད་པ་ཚོ་ཡང་གཅིག་འགྱུར་གྱི་བཀོག་སྡོམ་དང་སྟངས་འཛིན་འོག་ལས་དོན་བྱེད་དགོས་ཀྱི་ཡོད་པས། ཛ་དྲག་དང་སེམས་འཚབ་སྐྱེས་འོས་པའི་གནས་སྟངས་འོག་ལྷག་ཡོད་པ་རེད་འདུག

ཟླ་༥ པའི་ཚེས་༣ ཉིན་ནི་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ཡིན་པ་ལྟར། དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་དང་བོད་ཀྱི་གསར་འགོད་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་གྱི་ཐོག་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་སོང་།

བགྲོ་གླེང་གཏམ་བཤད་དེ་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱི་གཙོ་སྐྱོང་འོག གཏམ་བཤད་གནང་མཁན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་མཚོ་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།

དེ་ཡང་ཐོག་མར་བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་དང་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཞོན་ཆོས་ཉིད་འོད་ཟེར་གྱིས་ཉིན་མོ་དེ་ངོ་སྤྲོད་དང་སྦྲགས་ནས་བརྗོད་དོན། གསར་འགོད་རང་དབང་དེ་ཉིན་རེའི་འཚོ་བའི་ནང་ཧ་ཅང་གལ་ཆེན་ཡིན་པས། གསར་འགོད་རང་དབང་མེད་སའི་ལུང་པ་ཚོར་ལོ་རེའི་ནང་དྲན་སོ་ཆེད་དུ་ཉིན་མོ་དེ་སྲུང་བརྩི་བྱེད་གི་ཡོད་རེད། གསར་འགོད་རང་དབང་མེད་པ་ལ་རིགས་གཉིས་འདྲ་རེད། གཅིག་དེ་དབང་བསྒྱུར་བའི་འོག་ནས་རང་དབང་མེད་པ་དེ་རེད། དཔེར་ན་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། ད་ལྟ་བོད་ནང་གསར་འགོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཡོད་མ་རེད། ཁོ་རང་ཚོས་བརྒྱུད་ལམ་ཧ་ཅང་མང་པོ་བཟོས་ཏེ། རྒྱ་ནག་གཞུང་གིས་གང་བཤད་པ་ལས། གནས་ཚུལ་གཞན་གང་ཡང་མ་མཐོང་ཐབས་དང་། དངོས་ཡོད་མི་མང་གིས་དཀའ་ངལ་བཀབ་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་དྲིལ་བསྒྲགས་མང་དྲགས་ནས་རྒྱ་ནག་སྐོར་ག་རེ་བཙལ་ན་རྒྱ་ནག་ཡག་པོ་ཡིན་སྐོར་དང་བོད་ནང་ཡར་རྒྱས་ཡོད་སྐོར་རྐྱང་ཐོན་ཡོང་གི་རེད། རྒྱ་ནག་གིས་དྲིལ་བསྒྲགས་དེ་ཚོ་འགྲོ་སོང་ཆེན་པོ་བཏང་ནས་སྤུས་ཏག་པོ་ཞེ་དྲག་བཟོས་ཡོད་རེད། དཔེར་ན་༧སྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་སྐྱོན་བརྗོད་དེ་ཚོ་དྲ་ཐོག་ནས་ཡི་གེ་ཀློག་རྒྱུ་ཡོད་པ་དང་མཉམ་དུ་ཀློག་འདོན་བྱས་ཏེ། སྒྲ་ཉན་རྒྱུ་ཡོད་པ། ལྟ་མཁན་ལ་ཧ་ཅང་སྟབས་བདེ་པོ་བཟོས་ཡོད་པ་དེ་ཚོར་ང་ཚོས་དཔེ་ལེན་པ་དང་། བསམ་བློ་གཏོང་ས་ཆགས་ཀྱི་འདུག གསར་འགོད་རང་དབང་མེད་པ་གཅིག་དེ་དཔར་འབྱོར་དང་དབང་འཛིན་པའི་ལག་འོག་ཏུ་ཤོར་བ་རེད། དེ་མང་གཙོའི་རྒྱལ་ཁབ་ཚོའི་ནང་མང་པོ་ཡོད་པ་འདྲ་འདུག ཕྱུག་བདག་དང་དབང་འཛིན་པའི་ལག་འོག་ཏུ་ཤོར་ན་ག་དུས་ཡིན་ཡང་དེར་བསྟོད་པ་འདྲ་བྱེད་འདུག་པ་དང་། དེའི་ཕྱོགས་འབྲི་འདུག་པ་ལས། གསར་འགོད་རང་དབང་ལེན་ཐུབ་ཀྱི་མ་རེད། དོན་དམ་གྱི་གསར་འགོད་རང་དབང་ལེན་ཐུབ་ཁག་པོ་རེད་ཅེས་བརྗོད་སོང་།

བགྲོ་གླེང་འགོ་འཛུགས་མ་བྱས་པའི་སྔོན་དུ། རྒྱ་ནག་ནང་ལོ་ངོ་༡༨ རིང་གསར་འགོད་ལས་ཀ་བྱེད་མཁན་མཱེ་ཁེལ་པོལ་དང་། བོད་ནང་གི་མཚོ་སྔོན་བརྙན་འཕྲིན་ཁང་དུ་གསར་འགོད་པ་བྱེད་མྱོང་མཁན་དང་ད་ལྟ་ཧྥ་རན་སིར་གནས་སྡོད་བྱེད་མཁན་སྒྲོལ་མ། དེ་བཞིན་ཉེ་ཆར་བོད་དང་འབྲེལ་བའི་གཏམ་བརྗོད་འབྲི་མཁན་ཨ་བྷི་ཤེག་བཅས་ལ་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་སྐོར་བཅར་འདྲི་བྱས་པའི་བརྙན་ཐུང་ཞིག་བསྟན་སོང་། དེའི་མཱེ་ཁེལ་གྱིས་རྒྱ་ནག་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ལ་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་དེ་སྔོན་བོད་ནང་དུ་གསར་འགོད་ལས་རིགས་ཆེད་སྐྱོད་རྒྱུའི་ཐོངས་མཆན་ཐེངས་བདུན་ལྷག་ཞུས་ཀྱང་ངོས་ལེན་བྱས་མེད་པ་དང་། བོད་ནང་དུ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་གསར་འགོད་སྐོར་བསྐྱོད་སྐབས་སུ། གསར་འགོད་པ་རྣམས་ལ་དོ་དམ་ཆེན་པོ་བྱེད་ཀྱི་ཡོད་པས། ཟུར་དུ་ཐོན་ནས་བོད་མི་རྣམས་ལ་སྐད་ཆ་ཤོད་རྒྱུ་ཁག་པོ་ཡིན་ཁར། དེ་ལྟར་ཤོད་པར་ཡང་དོ་བདག་བོད་མི་དེའི་བདེ་འཇགས་ལ་ཡང་ཉེན་ཁ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས། “ང་ཚོར་ལྟ་རྟོག་བྱས་སོང་། ང་ཚོར་བདའ་འདེད་བཏང་སོང་། ནམ་ཞར་ང་ཚོ་དོགས་ཟོན་མྱུལ་ཞིབ་འོག་ཏུ་བཞག་ཡོད་པ་རེད། ང་རང་པེ་ཅིན་གྲོང་ཁྱེར་དུ་འདས་པའི་ལོ་ངོ་༡༨ ལ་བསྡད་རིང་ངས་ཐེངས་༧ ལ་བོད་ནང་དུ་འགྲུལ་སྐྱོད་ཆོག་མཆན་ཞུས་ཀྱང་། ཐེངས་རེ་རེ་བཞིན་ང་ལ་ཆོག་མཆན་སྤྲད་མ་སོང་། ཕྱིའི་གསར་འགོད་པ་བོད་ནང་དུ་འགྲོ་རྒྱུ་ཧ་ཅང་ཁག་པོ་རེད། གནས་ཚུལ་རེ་གཉིས་ཐོག་ཕྱིའི་གསར་འགོད་པ་སྐད་གཏོང་གི་འདུག་མོད། འོན་ཀྱང་ཕར་ལ་ཕྱིན་རྗེས་ང་ཚོར་དམ་དྲག་དང་བདའ་འདེད་བཏང་སྟེ། མི་ལ་ཁ་བརྡ་བཤད་རྒྱུ་ཧ་ཅང་ཁག་པོ་འདུག གལ་ཏེ་ཁྱོད་རང་ལྟ་རྟོག་བྱེད་མཁན་དང་བྲལ་ནས་མི་ཞིག་ལ་ཁ་བརྡ་བཤད་པ་ཡིན་ན། ཁྱོད་རང་ལ་སྐད་ཆ་བཤད་མཁན་མི་དེ་དཀའ་རྙོག་ལ་འཕྲད་ངེས་རེད།” ཅེས་བརྗོད་སོང་།

དེ་བཞིན་དེ་སྔོན་མཚོ་སྔོན་བརྙན་འཕྲིན་ཁང་དུ་གསར་འགོད་པ་བྱེད་མྱོང་མཁན་སྒྲོལ་མས། བོད་ནང་གི་གསར་འགོད་པ་རྣམས་རྒྱ་ནག་གཞུང་གི་གཅིག་འགྱུར་གྱི་བཀོད་སྡོམ་དང་སྟངས་འཛིན་འོག་ལས་ཀ་བྱེད་དགོས་ཀྱི་ཡོད་པ་ལས། ལྡོག་ཕྱོགས་ཀྱི་གནས་ཚུལ་སྤེལ་ཚེ་གསར་འགོད་པ་དེའི་བདེ་འཇགས་ལ་ཉེན་ཁ་ཡོད་པ། གསར་འགོད་ལས་རིགས་དེ་ནི་འཁྲབ་སྟོན་གྱི་རྣམ་པ་ཙམ་ལས། དྲང་བདེན་གྱི་གནས་ཚུལ་སྤེལ་བའི་རང་དབང་མེད་སྐོར་བརྗོད་སོང་།

གོ་སྒྲིག་པ་ཚོགས་པ་གཉིས་ནས་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་དུ། “དེ་རིང་ནི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་ཡིན་པ་དང་། ལོ་རེའི་ཕྱི་ཟླ་༥ ཚེས་༣ ཉིན་ནི་གོ་ལ་ཁྱོན་ཡོངས་ནས་སྲུང་བརྩི་བྱས་ཏེ་གསར་འགོད་རང་དབང་དང་བརྒྱུད་ལམ་གྱི་རང་དབང་སྲུང་སྐྱོབ་དང་། བློ་སྤོབས་ཅན་གྱི་གསར་འགོད་པ་མང་པོས་གསར་འགོད་ཀྱི་འགན་འཁྲིའི་ཆེད་དུ་རང་སྲོག་བློས་བཏང་ཡོད་པར་ངོས་འཛིན་གནང་གི་ཡོད། གསར་འགོད་རང་དབང་ནི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་གལ་འགངས་ཆེན་པོ་ཞིག་ཡིན་པ་དང་། གསར་འགོད་རང་དབང་ལོངས་སུ་སྤྱོད་ཐབས་སུ། འགྲོ་བ་མིའི་ཐོབ་ཐང་ཁག་དང་། ལྷག་པར་དུ་འགྲུལ་སྐྱོད་རང་དབང་གི་ཐོབ་ཐང་ལ་ཁག་ཐེག་དང་འགན་སྲུང་བྱེད་དགོས།  རྒྱ་གཞུང་གིས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་བོད་ནང་དུ་འགྲོ་རུ་མ་བཅུག་པར་བོད་ནང་གི་འགྲུལ་སྐྱོད་རང་དབང་གི་ཐོབ་ཐང་ལ་དམ་དྲག་ཤུགས་ཆེར་བཏང་ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་དུ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ཚབས་ཆེའི་དྲིལ་བསྒྲགས་བྱེད་བཞིན་དུ། ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་ཤུགས་ཆེར་གཏོང་གི་ཡོད་ལ། ལྷག་པར་དུ་བོད་ནང་གི་འགྲོ་འོང་འགྲུལ་སྐྱོད་ལ་དཀའ་ཁག་དང་དམ་དྲག་ཤུགས་ཆེར་བཏང་སྟེ། ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་བོད་ནང་གི་འགྲུལ་སྐྱོད་རང་དབང་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད།

འདི་ལོའི་ཕྱི་ཟླ་༥ བའི་ནང་པེ་ཅིན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཕྱིའི་གསར་འགོད་ལྷན་ཚོགས་ནས་ཞིབ་འཇུག་སྙན་ཐོ་བཏོན་པའི་ནང་དུ། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་གནས་ཚུལ་འཚོལ་བསྡུ་དང་གསར་འགྱུར་འགོད་པར་ཚབས་ཆེའི་བཀག་སྡོམ་བྱས་པ་གསལ་ཡོད། རྒྱ་གཞུང་གིས་རང་དབང་གསར་འགོད་པ་ཚོ་བོད་རང་སྐྱོང་ལྗོངས་དང་། ཡུན་ནན། མཚོ་སྔོན། ཀན་སུའུ། ཟི་ཁྲོན་སོགས་བོད་རིགས་འདུས་སྡོད་ས་ཁུལ་དུ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་དང་། བོད་ནང་གི་གསར་འགྱུར་འགོད་མཁན་གསར་འགོད་པ་ཚོར་མུ་མཐུད་དོགས་ཟོན་མྱུལ་ཞིབ་དང་འཇིགས་སྐུལ། སུན་གཙེར་དང་བརྡབ་གསིག་གཏོང་མུས་ཡིན་པ་རེད་”བཀོད་འདུག

དེ་བཞིན་གསལ་བསྒྲགས་དེའི་ནང་། “འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་ཀྱི་གསར་འགོད་ལྷན་ཚོགས་གཉིས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་འབྲེལ་འཛིན་གནང་ནས་བོད་ནང་གི་འགྲུལ་སྐྱོད་རང་དབང་གི་ཐོབ་ཐང་ཁག་རྩིས་མེད་རྡོག་རྡོག་གཏོང་ཐབས་ཀྱི་ལག་བསྟར་ཁྲིམས་སྒྲིག་ཁག་མྱུར་དུ་མཚམས་འཇོག་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། རྒྱ་གཞུང་གིས་ངེས་པར་དུ་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་སྲིད་གཞུང་གི་ལྟ་རྟོག་མེད་པར་རང་དབང་གི་ཐོག་ནས་བོད་ནང་ལ་འགྲུལ་སྐྱོད་བྱེད་དུ་འཇུག་དགོས།”ཞེས་བཀོད་འདུག

གཏམ་བཤད་པ་བསྟན་འཛིན་དཔལ་སྒྲོན་གྱིས་བཙན་བྱོལ་ནང་གསར་འགོད་ལས་རིགས་ལ་འཇུག་སྐབས་སུ། བོད་ནང་གི་བོད་མི་ཚོར་གནས་ཚུལ་མཁོ་སྤྲོད་བྱེད་པ་དང་དེ་བཞིན་བོད་ནང་གི་གནས་ཚུལ་རྣམས་མཁོ་སྒྲུབ་བྱེད་རྒྱུར། རྒྱ་ནག་གཞུང་གིས་མི་དངུལ་གཉིས་འགྲོ་སོང་ཕོན་ཆེན་བཏང་ནས་བཀག་སྡོམ་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་དཀའ་ངལ་སྐོར་རང་གི་ཉམས་མྱོང་དང་སྦྲགས་ནས་གཏམ་བཤད་གནང་སོང་།

དེ་བཞིན་བསྟན་འཛིན་དགྲ་ལྷས་རྒྱ་ནག་གཞུང་གིས་རྒྱ་ནག་དང་བོད་སོགས་ཀྱི་ནང་དུ་དྲ་རྒྱ་དེ་ཉེན་ཁ་ཆེན་པོ་ཞིག་ལ་ངོས་འཛིན་གྱིས། དྲ་རྒྱའི་ཁྲིམས་གསར་འོག ཞིབ་བཤེར་དང་དོད་དམ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལས་དོན་དེ་རིགས་སྲིད་འཛིན་ཞི་ཅིན་ཕིང་གིས་ལས་ཁུར་བྱས་པ་ནས་ཤུགས་ཆེ་རུ་ཕྱིན་ཡོད་པ། དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་དྲ་ཐོག་ཚོང་ལས་མཉེན་ཆས་རྣམས་བོད་ནང་དུ་བཀོལ་སྤྱོད་བྱེད་རྒྱུ་ཡོད་པ་བཟོས་ཏེ། མཉེན་ཆས་དེ་དག་བརྒྱུད་ནས་བོད་ནང་གི་བོད་མིའི་བྱ་སྤྱོད་ལ་ཞིབ་བཤེར་དང་སྟངས་འཛིན་བྱེད་པའི་ལས་འགུལ་སྤེལ་བཞིན་པ། རྒྱ་ནག་གཞུང་གིས་དྲ་རྒྱར་ཞིབ་བཤེར་དོ་དམ་ཤུགས་ཆེན་བྱེད་མིན་ལ་མ་ལྟོས་པར། དྲ་རྒྱ་བཀག་སྡོམ་གྱི་ར་བ་ལས་བརྒལ་ནས་བཀག་སྡོམ་བྱས་པའི་ངོ་དེབ་དང་གྷུ་གྷལ་ལྟ་བུ་བཀོལ་སྤྱོད་བྱེད་བཞིན་རྒྱ་ནག་ནང་མི་མང་ས་ཡ་༢༠༠ ནས་༣༠༠ ལྷག་ཡོད་སྐོར་བརྗོད་སོང་།

གཏམ་བཤད་པ་པདྨ་མཚོ་ཡིས་དེ་རིང་ནི་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་བྱེད་རྒྱུ་ཞིག་མིན་པར། བོད་ནང་གསར་འགོད་རང་དབང་མེད་པའི་སྡུག་སྐད་རྒྱག་རྒྱུའི་ཉིན་མོ་ཞིག་ཡིན་པ། བཙན་བྱོལ་ནང་གི་གསར་འགོད་པ་ཚོས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་བྱེད་དུས་གསར་འགོད་པའི་ལས་འགན་དང་མི་མང་གི་བདེ་འཇགས་ཐོག་ལ་ཡང་བསམ་བློ་གཏོང་རྒྱུ་གལ་ཆེན་ཆགས་ཡོད་སྐོར་རང་གི་ཉམས་མྱོང་དང་སྦྲགས་ནས་བརྗོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་སྐད་འཕྲིན་གླེང་སྟེགས་ཁྲི་མང་པོ་ཞིག་སྒོ་བརྒྱབ་པ་སོགས་བྱས་ཡོད་པ། བོད་ནང་གི་གསར་འགོད་རང་དབང་ཐོག་ལ་སེམས་འཚབ་ཆེན་པོ་ཡོད་པའི་ཐོག རྒྱ་ནག་གཞུང་གི་ཞིབ་བཤེར་དམ་དྲག་འོག ཧ་མ་གོ་བའི་གནས་ཚུལ་མང་པོ་ག་ཚོད་ཡོད་པ་ཡང་ཤེས་ཐབས་བྲལ་བ། ཧ་གོ་བའི་གནས་ཚུལ་རྣམས་ཡང་མུ་མཐུད་ནས་གནས་སྟངས་གསལ་པོ་ཤེས་རྟོགས་ཡོང་ཐུབ་ཀྱི་མེད་པ། བོད་ནང་གི་གནས་ཚུལ་རྣམས་རྒྱལ་སྤྱིའི་ནང་ཁྱབ་སྤེལ་གཏོང་བའི་ལས་འགན་དེ་གསར་འགོད་པ་གཅིག་པུས་འགན་མིན་པར། བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་འགན་ཁུར་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

མཇུག་ཏུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། མཛད་སྒོ་གྲོལ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།