བོད་ནང་གི་ཏོག་དབྱིབས་ནད་དུག་ལས་འཕྲོས་པའི་བསམ་ཚུལ། 

གུས་པས་གླེང་སློང་བྱེད་འདོད་པ་ནི། དེང་སྐབས་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པ་དང་དུས་མཉམ། རྒྱ་གཞུང་གིས་གོ་སྐབས་དེ་ཉིད་འཛིན་ནས་བོད་མི་རྣམས་འགྲོ་འོང་མི་ཆོག་པ་བཟོས་ཡོད་པ་ཙམ་དུ་མ་ཟད། ནད་རྟགས་ཡོད་མེད་ཀྱི་བོད་མི་ཚང་མ་ཕྱོགས་གཅིག་ཏུ་སྤུངས་ཏེ་བཞག་ཡོད་པས། ད་སྐབས་གནས་ཚུལ་ཛ་དྲག་ཅན་དུ་ཉིན་རེ་ནས་ཉིན་རེ་འགྱུར་བཞིན་ཡོད། དང་ཐོག་གོང་རིམ་གྱིས་བཀའ་ལྟར་མི་དམངས་ཚང་མས་ནུས་ཤུགས་གཅིག་སྤུངས་བྱས་ཡོད། འོན་ཀྱང་སྔོན་འགོག་ཡོང་རྒྱུའི་ཚབ་ཏུ་ནད་རྟགས་ཐོན་མཁན་མང་དུ་འགྲོ་བཞིན་ཡོད། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་ཟླ་བ་གཅིག་ལྷག་ཙམ་བཟོད་སྒོམ་བྱས་ནས་བསྡད་ཡོད། བརྒྱུད་རིམ་དེ་དག་ནང་དུ་ནད་པ་རྣམས་ལ་ཞལ་ལག་དུས་ཐོག་མ་རག་པ་དང་། གལ་སྲིད་ཉིན་གཅིག་གི་ལྟོ་དུས་གཅིག་རག་རུང་དེ་དག་ཟས་རྙིང་དྲི་མ་ཁ་བ་དེ་འདྲའི་སྤྲད་ཀྱི་ཡོད། མི་མ་དགོས་དུད་འགྲོ་ཁྱི་ཞིག་ཡིན་ནའང་མི་ཟ་བ་དེ་འདྲ་ནད་པར་སྤྲོད་བཞིན་ཡོད། མང་ཚོགས་ཀྱིས་དཀའ་སྡུག་དེ་དག་འགོ་ཁྲིད་ཚོ་ལ་རིམ་པ་ཞུས་རུང་དོ་སྣང་ཙམ་ཡང་མ་བྱས་པར་སྣང་ཆུང་བཏང་ནས་བཞག་ཡོད་ལ། 

མཐར་རྒྱ་ཆེ་མང་ཚོགས་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་ནས་བརྒྱུད་ལམ་ཁག་ཏུ་ཐོན་ནས་མི་མང་གི་བདེ་སྡུག་རྣམས་ལ་གོང་རིམ་ཞུས་ཡོད། ལྷག་དོན་བོད་ཉི་མ་ལྷ་ས་ནི་བོད་མི་རིགས་ཀྱི་སྙིང་དབུས་སུ་གནས་པའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་པས། དེར་བོད་མདོ་དབུས་ཁམས་གསུམ་ནས་རྒན་དར་གཞོན་གསུམ་ཉིན་ལྟར་ཆད་མེད་མཆོད་མཇལ་ལ་ཡོང་མཁན་དུ་མ་ཞིག་ཡོད། ད་རེས་ནད་ཡམས་དེས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཉམས་ཆུང་དུ་མ་ཞིག་དུས་ཐོག་སོ་སོའི་རང་ཁྱིམ་དུ་ལོག་མ་ཐུབ་ནས་ལྷ་སར་ལྷག་སྟེ་གཞུང་ལམ་གཡས་གཡོན་ལ་སྡོད་དགོས་ཐུག་པ་ཙམ་དུ་མ་ཟད། ཟ་ཆས་ཚང་མ་རྫོགས་ནས་ཉིན་རེའི་ཁ་ལག་ཟ་རྒྱུ་མེད་པར་གྱུར་ནས་དཀའ་སྡུག་གི་གནས་སུ་ལྷུང་ཡོད། དེ་དག་ལ་གོང་རིམ་འགོ་ཁྲིད་ལས་སྣེ་བ་ཚོས་ལྟ་རྟོག་ཡག་པོ་དང་། འཐུས་སྒོ་ཚང་བ་ཞིག་བྱས་མེད། དུས་རྒྱུན་ཡིན་ན་གུང་ཁྲན་ཏང་མི་ཚོས་ཁ་ནས་སྤུན་ཟླ་ཞེས་མ་ཎི་བགྲང་བགྲང་བྱེད་ཀྱི་ཡོད་རུང་། དོན་དངོས་སུ་བོད་མི་རྣམས་ལ་དཀའ་ངལ་ཕྲད་དུས་ལྟ་རྟོག་ཚུལ་ལྡན་མ་བྱས་ནས་ནད་ཡམས་གསེང་ལ་གཡུག་བཞག་པ་རེད་ལ། ཏོག་ནད་ལ་ཁ་གཡར་ནས་མི་རིགས་རྩ་མེད་བཟོ་རྒྱུར་དམིགས་ཡུལ་འཛིན་ནས་ནད་རྟགས་ཡོད་མེད་ཚང་མ་མཉམ་དུ་སྤུངས་ནས་བཞག་གི་ཡོད། བྱེད་སྟངས་དེ་དག་ལ་བལྟས་པ་ཡིན་ན་བོད་མི་རིགས་མེད་པ་བཟོ་རྒྱུར་དམིགས་ཡུལ་ངན་པ་ཞིག་འཛིན་ནས་ལས་དོན་བྱེད་བཞིན་ཡོད་པ་རང་བཞིན་མེད་པར་བློ་དོགས་མི་ཤར་ཀ་མེད་རེད་འདུག་ཅིང་། དེ་མིན་ན་ནད་རྟགས་ཡོད་མེད་ཚང་མ་མཉམ་དུ་བཞག་དགོས་དོན་གང་ཞིག་ཡོད་དམ། 

ལྷག་པར་ལྷ་སར་མཆོད་མཇལ་དུ་ཡོང་མཁན་ཞིང་འབྲོག་རྣམས་ཕྱིར་སོ་སོའི་སྡོད་གནས་སུ་ལོགས་མ་ཐུབ་པའི་དབང་གིས་གོང་ཞུས་ལྟར་ཁ་ལག་ཟ་རྒྱུ་མི་རག་པའི་དཀའ་ངལ། འགའ་ཤས་ལྷ་སའི་ཕྱོགས་སུ་ཚོང་ཙག་ཙིག་རྒྱག་མཁན་རྣམས་ཀྱང་དུས་ཡུན་ཟླ་ངོ་གཅིག་ལྷག་ཙམ་རིང་ལ་ཡོང་སྒོ་གང་ཡང་མེད་པར་བསྡད་དགོས་དུས་དེ་སྔོན་ཕྲན་བུ་ཡོད་པ་དེ་དག་རིམ་གྱིས་རྫོགས་ནས་དཀའ་ངལ་གྱི་གནས་སུ་ལྷུང་བ། འགའ་ཤས་ལ་སྒོར་མོ་ཡོད་རུང་ཟ་ཆས་ཉོ་རྒྱུ་མི་རག་པའི་དཀའ་ངལ། འགའ་རེར་ཟས་རིགས་ཉུང་ངུ་ཉོ་རྒྱུ་རག་རུང་གོང་ཚད་ལྡབ་ལོག་འཕར་བ་སོགས་ཀྱིས་ཉོ་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད། དེ་བཞིན་ནད་པར་ལྟ་རྟོག་བྱེད་མཁན་ཚད་ལྡན་མེད་པའི་འཕྲོད་བསྟེན་ཐོག་ཏུ་ཧ་ཅང་གི་དཀའ་ངལ་ཚད་ལས་འདས་པ་མྱངས་དང་མྱོང་བཞིན་ཡོད་ཅིང་། 

དེ་བཞིན་བོད་ཀྱི་ཞིང་པ་རྣམས་དུས་ཐོག་ཏུ་རང་ཁྱིམ་དུ་ལོག་མ་ཐུབ་པར་ལྷག་ཡོད་ཅིང་། བོད་ཀྱི་ཞིང་པར་ཆ་མཚོན་ན། སྟོན་ལས་ནི་ཞིང་པ་ལ་ལོ་གཅིག་གི་ཡོང་སྒོའི་འཚོ་རྟེན་གཙོ་བ་དེ་ཡིན་ཞིང་། དེ་དག་དུས་ཐོག་ཏུ་སྟོན་ལས་བྱེད་མ་ཐུབ་ཚེ། ལོ་གཅིག་གི་ཞིང་པའི་འཚོ་རྟེན་མེད་པ་འགྱུར་ནས་ནང་མི་རྣམས་སྤྲང་པོར་འགྱུར་རྒྱུ་ཡིན་པ་ནི་འགྲེལ་བརྗོད་མ་དགོས་པའི་གནས་སྟངས་ཤིག་རེད། ནད་རྟགས་མེད་མཁན་ཚོས་སོ་སོའི་ལུང་པར་འགྲོ་ཆོག་པ་ཞུས་རུང་འགྲོ་རུ་བཅུག་གི་མེད་ལ། གྲོང་གསེབ་ཁག་གི་འགོ་ཁྲིད་ཚོས་ཀྱང་མ་ཡོང་མ་གཏོགས་གལ་སྲིད་ཁྱོད་རང་ཡོང་བ་ཡིན་ན་ང་ཚོའི་ལྟོ་གོས་དང་འབྲེལ་བ་ཡོད་རེད་ཅེས་བརྗོད་ནས་ཡོང་བཅུག་གི་མེད། གོང་རིམ་གྱིས་གྲོང་གསེབ་ཁག་གི་འགོ་ཁྲིད་ལའང་དེ་འདྲའི་གནོད་ཤུགས་སྤྲད་ཡོད། 

རྒྱུ་མཚན་དེ་དག་ལ་བརྟེན་ནས་ཞིང་པ་རྣམས་ལྷ་ས་ལ་སླེབས་ནས་ཕྱིར་རང་ཁྱིམ་དུ་ལོག་མ་ཐུབ་ནས་ལུས་སེམས་གཉིས་ཀྱི་དཀའ་སྡུག་འོག་ཏུ་ཚུད་ཡོད། གཞིས་ལུས་སྤུན་ཟླ་འགའ་ཤས་རང་སྲོག་བློས་བཏང་གིས་མི་མང་གི་མདུན་དུ་ཐོན་ནས་དཀའ་སྡུག་གླེང་གི་འདུག་ཅིང་། དེ་ཡང་བོད་ནས་ན་གཞོན་ཞིག་གིས་བརྙན་ཞིག་གི་ནང་དུ་འདི་འདྲ་ཞིག་གསུངས་འདུག་ཅིང་། དེ་ཡང་ང་ཚོར་བསོད་ནམས་མེད་པའི་རྐྱེན་གྱིས་ཁྱེད་ཀྱི་ཞལ་རས་མཇལ་ཐུབ་མ་སོང་ལ། ང་ཚོ་བསོད་ནམས་མེད་པའི་རྐྱེན་གྱིས་ཁྱེད་ཀྱི་བཀའ་སློབ་དང་དཔེ་ཁྲིད་ཉན་ཐུབ་མ་སོང་། དེ་བས་ཀྱང་གངས་ཅན་བོད་ལ་བར་ཆད་ཞེ་དྲག་འཕྲད་སོང་། སྤུན་ཟླ་ཚོའི་ཚེ་སྲོག་ལ་རྩེད་མོ་རྩེས་སོང་། སེམས་མ་བདེ་བ་བཟོས་སོང་། འཚོ་བར་དཀའ་ངལ་འཕྲད་སོང་། ཡིན་ནའང་གངས་རིའི་འཁྱམ་པོ་ང་ཚོས་རྒྱང་རིང་གི་ཕྱོགས་ནས་ཁྱེད་ལ་གསོལ་བ་འདེབས། ཁྱེད་ཀྱི་བྱམས་བརྩེ་དང་སྙིང་རྗེ། ཐུགས་རྗེའི་འོད་ཟེར་གྱིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ནད་མེད་བར་ཆད་མགྱོགས་ནས་མྱུར་དུ་ཐར་བའི་སྨོན་ལམ་འདེབས། བླ་མ་མཁྱེན། བླ་མ་མཁྱེན། ཞེས་གསོལ་བ་འདེབས་བཞིན་མཆིས། བརྙན་ཐུང་དང་སྒྲ་དེ་འདྲའི་མང་པོ་ཞིག་འདུག་ཅིང་། དེ་དག་མཐོང་དུས་སྡུག་བསྔལ་གྱིས་རོ་སྟོད་དབུགས་ཀྱིས་ཚངས་ཤིང་། རང་དབང་མེད་པའི་མིག་ཆུ་ས་རུ་ཟགས་ཡོང་གི་འདུག གཟིགས་དང་གངས་ཅན་པ་ཚོ། གཞིས་ལུས་སྤུན་ཟླ་ཚོའི་ང་ཚོར་དེ་འདྲའི་རེ་བ་དང་། ཡིད་ཆེས་གནང་གི་ཡོད་དུས། ང་ཚོས་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ཛ་དྲག་གི་དཀའ་སྡུག་སེལ་ཐབས་སུ་ནུས་ཤུགས་གཅིག་ཏུ་སྤུངས་ནས་ལས་འགུལ་སྤེལ་དགོས་འདུག་སྙམ། བོད་ནང་དུ་རང་དབང་གི་གཏམ་བརྗོད་དང་། འགྲོ་སྡོད་ལ་སོགས་ལ་དཀའ་ངལ་ཡོད་མུས་ཐོག་ཏུ་ད་ལོ་ཏོག་དབྱིབས་ནད་དུག་དེས་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པ་ལྟར་བོད་ཁམས་ལ་དཀའ་ངལ་ཚད་མེད་བཟོས་སོང་ཞིང་། ང་ཚོའི་མི་རིགས་འདི་ལ་དཀའ་སྡུག་འདི་འདྲའི་མྱོང་དགོས་པ་གང་ཞིག་ཡིན་ནམ། དཀོན་མཆོག་གི་མཁྱེན། 

ད་ནི་ང་ཚོས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གཙོས་འཛམ་གླིང་གི་རང་དབང་ལ་དགའ་མཁན་ཚོ་ལ་ངེས་པར་བོད་ཀྱི་ནད་པར་ལྟ་རྟོག་ཡོང་བའི་རེ་སྐུལ་རྒྱུ་ནི་བྱེས་པ་ཚོར་ཕྲག་སྟེང་དུ་ལྷུང་བའི་ལས་འགན་གལ་ཆེ་ཞིག་ཡིན་པས། ཞུ་གཏུགས་ཀྱི་ལས་འགུལ་གང་དྲག་སྤེལ་དགོས་པ་ཞིག་ལས་གོ་མེད་ཚོར་མེད་དུ་སྡོད་པའི་དུས་ཚོད་གཅིག་གཏན་ནས་མ་རེད་སྙམ། ངེས་པར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ད་ལྟའི་དུས་སྐབས་སུ་བོད་ནང་དུ་རྒྱ་དམར་གྱི་ཏོག་དབྱིབས་ལ་ཁ་གཡར་ནས་གཞིས་ལུས་སྤུན་ཟླ་རྣམས་ལ་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ངོ་མ་རྣམས་འཛམ་གླིང་གི་ཐོག་ཏུ་བསྒྲགས་ཏེ་བོད་ནང་གི་དཀའ་ངལ་དེ་དག་མགྱོགས་ནས་མྱུར་དུ་སེལ་ཐབས་ཆེད་དུ་ལས་འགུལ་སྤེལ་དགོས་པ་ཞིག་ཏུ་སེམས། དུས་རྒྱུན་ང་ཚོས་གཞིས་ལུས་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ང་ཚོ་ཡིན་ཟེར་གྱི་ཡོད་ན། ངེས་པར་ད་རེས་ལས་འགུལ་སྤེལ་དགོས། ང་ཚོས་ནང་ཁུལ་ང་དང་ཁྱོད་ཅེས་རྩོད་བསྡད་པའི་དུས་ཚོད་གཅིག་གཏན་ནས་མིན་ཞིང་། ད་ལྟའི་དུས་ཚོད་འདི་དག་ནི་སྐར་མ་གཅིག་འཕྲོག་བརླག་ཕྱིན་པ་ན་ཁ་གསབ་མི་ཐུབ་པའི་ལོ་རྒྱུས་ཀྱི་ཐོག་ཏུ་གྱོང་གུད་ཆེན་པོ་འཐེབ་པའི་དུས་སྐབས་ཤིག་གི་ནང་དུ་སླེབས་ཡོད། 

འདི་འདྲའི་ཛ་དྲག་གི་དུས་སྐབས་སུ་ཕན་ཐོགས་མེད་པའི་ང་དང་ཁྱོད་ཅེས་རྩོད་ནས་དུས་ཚོད་སྟོང་ཟད་བཏང་བ་ནི་དེ་འདྲའི་བློ་ཕམ་དགོས་པའི་གནད་དོན་ཞིག་ཡིན་པ་ནི་འགྲེལ་བརྗོད་མ་དགོས། བློ་གཟུར་བོར་གནས་པའི་མི་རབས་རྗེས་མ་ཚོས་སྐབས་དེ་དུས་དེ་འདྲ་ཞིག་བྱས་པ་རེད་ཟེར་ནས་ང་ཚོར་འཁང་ར་མི་བྱེད་པའི་ངེས་པ་མེད་པའི་ཡིད་དུ་འཛིན་ནས་ལས་དོན་གནང་དགོས་པ་ཞིག་ཏུ་སེམས། ད་ནི་ང་ཚོ་ཚང་མའི་དགོངས་པ་གཏིང་གཟབ་དང་། ཡག་པོ་བཞེས་ནས་ལས་དོན་གནང་དགོས་པ་ཞིག་ལས་གནས་སྐབས་ཀྱི་ཁེ་ཕན་དོར་ནས་མི་རིགས་ཤིག་གི་མ་འོངས་པའི་ཕུག་འདུན་ཁེ་ཕན་གཙོ་བོར་བཟུང་ནས་ལས་དོན་གནང་དགོས་པ་ཞིག་ཏུ་སེམས་སོ།

ལྷག་དོན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ཏུ་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད་ལས། བཀུར་འོས་རྣམ་པས་གྲོས་ཚོགས་ནང་དུ་བཀའ་མོལ་གསུང་དུས་ཚིག་རྒྱག་བེད་སྤྱོད་གཏོང་སྟངས་དེ་ཚོ་མཚམས་རེ་ཐལ་ཆ་དེ་འདྲ་ཡོང་གི་འདུག མ་འོངས་པར་དེའི་ཚོ་གྲས་མི་ཡོང་བར་འབད་བརྩོན་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག བཀའ་བློན་རྣམ་པ་ཡིན་ནའང་འདྲ་འདུག དེ་ག་ནང་བཞིན་གྲོས་ཚོགས་འཐུས་མི་ཡིན་ནའང་འདྲ་འདུག གང་ལྟར་མི་རེད་པ། མི་ཡིན་ཕྱིན་ཆད་བདེ་སྡུག་གི་ཚོར་བ་སུ་ལ་ཡིན་ནའང་ཡོད་རེད་པ། དེ་འདྲ་ཡིན་དུས་ང་ཚོ་མཉམ་དུ་འཛོམས་ཐུབ་པ་དེ་ལས་དང་སྨོན་ལམ། རྟེན་འབྲེལ་ཞིག་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་བོད་སྤྱི་པར་ཞབས་ཕྱི་ཞུ་ཐུབ་པ་དེ་བསོད་ནམས་ཆེན་པོ་རེད། བསྐལ་བ་བཟང་པོ་རེད། སྡིངས་ཆ་འདི་སྡིངས་ཆ་མཐོ་ཤོས་དེ་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་བོད་སྤྱི་པ་དང་བོད་མིའི་སྒྲིག་འཛུགས་ལ་ལེགས་སྐྱེས་ཤིག་འབུལ་ཐུབ་པ་ཡིན་ན། སོ་སོའི་མི་ཚེ་དེ་དོན་དང་ལྡན་པ། སོ་སོའི་ལས་ཀ་འཁྱུར་བའི་སྐབས་སུ་ཡིན་ནའང་། ངས་དེ་འདྲ་ཞིག་བྱས་ཡིན་བསམ་བསམ་གྱིས་སོ་སོར་ཡིད་ཆེས་སླེབ་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག འདིའི་ཐོག་ནས་འཐུས་ཤོར་ཕྱིན་སོང་བ་ཡིན་ན་སོ་སོའི་ཡིད་ཆེས་དང་རེ་བ་དེ་བརླག་འགྲོ་ཡི་ཡོད་པ་རེད། མང་ཚོགས་ཚོ་ཡིན་ནའང་རེ་བ་བརླག་འགྲོ་ཡི་རེད། སོ་སོ་ཡིན་ནའང་རྒྱབ་རྟེན་གང་ཡང་མེད་པའི་གནས་སྟངས་ཆགས་འགྲོ་ཡི་རེད། མ་འོངས་པར་དེ་ཚོའི་ཐོག་ལ་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན། ཞེས་པ་འབོད་སྐུལ་དང་འབྲེལ་ལམ་སྟོན་གལ་ཆེ་ཞིག་གནང་སོང་བས། བཀུར་འོས་འཐུས་མི་རྣམ་གཙོས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་ཐུགས་སུ་དམ་བཅའ་བརྟན་པོ་ཞིག་འཛིན་ནས་ལས་དོན་གནང་བའི་རེ་བ་དང་། ཡིད་ཆེས་ཡོད། ད་ནི་ཞུ་མཚམས་འདི་ནས་འཇོག་རྒྱུ་ཡིན་ན། མགོ་མཇུག་མེད་པའི་མང་པོ་ཞིག་ཞུ་དགོས་བྱུང་སོང་ན་དགོངས་འགལ་མེད་པ་ཞུ། ཤ་ཚའི་ཁ་ལ་གཏམ་སྙན་མེད། ནད་དྲག་པའི་སྨན་ལ་ཞིམ་པོ་མེད་ཅེས་པ་དེ་དོན་ཀུན་གྱིས་མཁྱེན་པ་མཛོད། 

མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༧རྒྱལ་བ་རིན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། བོད་གཞིས་བྱེས་མཉམ་འཛོམས་མགྱོགས་ནས་མྱུར་དུ་ཡོང་བའི་སྨོན་འདུན་དང་བཅས། ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༩ ཉིན་མོར། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།