བོད་ནང་གི་ཤེས་ཡོན་སློབ་གསོའི་ཛ་དྲག་གནས་སྟངས་ལ་ནུས་པ་མཉམ་སྤུངས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཟླ་འདིའི་ཚེས་༣༠ ་ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ནང་གི་ཤེས་ཡོན་སློབ་གསོའི་ཛ་དྲག་གནས་སྟངས་ལ་ནུས་པ་མཉམ་སྤུངས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

སྐབས་དེར་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་མཚོ་ཡིས་རང་དབང་ཅན་གྱི་ཡུལ་གྲུར་གནས་བཞུགས་བཙན་བྱོལ་བོད་མི་དང་། ཆོས་དང་རིག་གཞུང་གཅིག་པའི་སློབ་དཔོན་དང་འབུམ་རམས་པ་༡༠༠ ལྷག་ལ་འབྲེལ་བ་ཞུས་ཏེ། ནུས་པ་མཉམ་སྤུངས་དང་གདུང་སེམས་མཉམ་བསྐྱེད་ཅེས་པའི་མཚན་རྟགས་བསྡུ་རུབ་ཀྱི་སྙན་ཞུ་ཞིག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་ཕུལ་ཡོད་པ་དང་། སྙན་ཞུའི་ནང་། བོད་ནང་བཙན་དབང་གིས་དགོན་སྡེ་དང་སྒེར་གྱི་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པ་དང་སྒོ་བརྒྱབས་ཟིན་པ་རྣམས་སླར་ཡང་སྒོ་དབྱེ་དགོས་པ་མ་ཟད། རྒྱལ་ཚོགས་ཀྱིས་དེའི་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་པ། དེ་བཞིན་བོད་ནང་བཅའ་སྡོད་སློབ་གྲྭའི་ལམ་ལུགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་། རྒྱལ་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱལ་སྤྱིིའི་སྒང་གསལ་འདོན་བྱེད་དགོས་པ། གཞན་ཡང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་སྐོར་གྱི་གྲོས་མཐུན་དང་། བྱིས་པའི་ཐོབ་ཐང་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་ལྟར། རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་གྲོས་མཐུན་ལྟར་གནས་དགོས་པའི་སྐུལ་འདེད་གཏོང་བའི་འབོད་སྐུལ་བཅས་དོན་ཚན་བཞི་བཀོད་ཡོད་པ་སོགས་ཀྱི་གཏམ་བཤད་གནང་སོང་།

དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས། རྭ་རྒྱ་སློབ་གྲྭ་བཙན་གྱིས་སྒོ་བརྒྱབས་པ་དེས་བོད་ཡིག་གི་སློབ་གྲྭ་མང་པོ་སྒོ་རྒྱག་རྒྱུའི་མཚོན་རྟགས་འདྲ་བོ་ཞིག་ཆགས་ཡོད་པ་དང་། རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབས་པ་དེ་སློབ་གྲྭ་ཞིག་སྒོ་བརྒྱབས་པ་ཙམ་མིན་པར། རྒྱ་གཞུང་གིས་བོད་ཀྱི་སྐད་དང་རིག་གཞུང་བཅས་མི་རིགས་ཤིག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ལག་བསྟར་བྱས་པ་ཞིག་ཆགས་ཡོད་པར་བརྟེན། མི་སྒེར་དང་ཚོགས་སྡེ་ཁག གང་ལྟར་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་གཏམ་བཤད་གནང་སོང་།

བོད་ཀྱི་དུས་བབ་གསར་ཁང་གིས་རྒྱལ་ཚོགས་ལ་ཕུལ་བའི་འབོད་སྐུལ་སྙན་ཞུ་དེ་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་དང་བོད་དོན་ཞུ་གཏུགས་གནང་མཁན་ཚོགས་སྡེ་ཁག་ལ་ཡང་གཏོང་རྒྱུ་ཡིན་ཞེས་གསར་འགོད་བསྒྲགས་གཏམ་ནང་འཁོད་འདུག

གཞན་ཡང་། ཕྱི་ལོ་༢༠༢༢ ལོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུའི་ནང་གསལ་བ་ལྟར་ན། འདས་པའི་ལོ་ཁ་ཤས་ཀྱི་ནང་། བོད་ནང་གི་གྲོང་ཚོ་ཁག་ཏུ་ངོས་འཛིན་ཡོད་པ་དང་བོད་ཡིག་གི་ཐོག་སློབ་ཁྲིད་བྱེད་སའི་བོད་ཀྱི་གཞི་རིམ་སློབ་གྲྭ་དྲུག་སྒོ་བརྒྱབ་ཡོད་པ་དང་། རྒྱ་གཞུང་གི་དཔོན་རིགས་ཚོས་སློབ་གྲྭ་སྒོ་རྒྱག་རྒྱུ་ཙམ་མ་ཟད་སློབ་གྲྭའི་ཁང་པ་ཡང་གཏོར་བཤིག་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག

སྙན་ཐོ་དེའི་ནང་མགོ་ལོག་ཏུ་ཡོད་པའི་གངས་ལྗོངས་རྩ་ཐང་བུ་མོའི་སློབ་གྲྭ་གཙོས་པའི་བོད་ཀྱི་སྒེར་བཙུགས་སློབ་གྲྭ་དྲུག་སྒོ་རྒྱག་རྒྱུའི་ཉེན་ཁ་ཡོད་པ་གསལ་བཏོན་བྱས་ཡོད་པའི་ཁྲོད་ནས། རྩ་ཐང་བུ་མོའི་སློབ་གྲྭ་གཞུང་བཞེས་བྱས་པའི་གནས་ཚུལ་དང་། རྭ་རྒྱ་སློབ་གྲྭ་ཉེ་ཆར་རྒྱ་ནག་དམར་གཞུང་གིས་གློ་བུར་དུ་བཙན་གྱིས་སྒོ་བརྒྱབས་ཡོད་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།