བོད་ནང་དམར་ཤོག་མང་ཚོགས་ལམ་ཕྱོགས་ལས་འགུལ་སྐོར་ལ་ཉམས་ཞིབ་སྙན་ཐོ།
རྒྱ་གཞུང་གིས་བོད་ནང་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཟེར་བའི་ཆབ་སྲིད་ལས་འགུལ་སྤེལ་ཏེ། བོད་ཀྱི་ས་ཁུལ་ཁག་ནང་བོད་མིའི་སྤྱི་དམངས་ཁེ་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩ་གཏོར་གཏོང་བཞིན་པའི་ཐད། འདི་ལོའི་ཕྱི་ཟླ་༧ པའི་ནང་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ <<ལམ་ཕྱོགས་དམར་པོ་>> ཞེས་པའི་ཉམས་ཞིབ་སྙན་ཐོ་ཞིག་བཏོན་ཡོད་པ་རེད།
རྒྱ་གཞུང་གིས་བོད་ནང་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཟེར་བའི་ཆབ་སྲིད་ལས་འགུལ་སྤེལ་ཏེ། བོད་ཀྱི་ས་ཁུལ་ཁག་ནང་བོད་མིའི་སྤྱི་དམངས་ཁེ་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩ་གཏོར་གཏོང་བཞིན་པའི་ཐད། འདི་ལོའི་ཕྱི་ཟླ་༧ པའི་ནང་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ <<ལམ་ཕྱོགས་དམར་པོ་>> ཞེས་པའི་ཉམས་ཞིབ་སྙན་ཐོ་ཞིག་བཏོན་ཡོད་པ་རེད།
ལྟེ་གནས་ཁང་དེའི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་མང་ཚོགས་དམར་ཤོག་པར་བསྒྱུར་ཡོད་སྐོར་འཁོད་དོན། “ཞི་ཅིན་ཕིན་རྒྱ་ནག་དམར་ཤོག་སྲིད་འཛིན་ཆགས་རྗེས། རྒྱ་ནག་ཁྱོན་ཡོངས་ལ་དམར་ཤོག་ ‘མང་ཚོགས་ལམ་ཕྱོགས་’ཟེར་བའི་མའོ་ཡི་འཐབ་རྩོད་ལས་འགུལ་གྱི་མེ་རོ་བསྐྱར་དུ་གསོས་ཤིང་། ‘སྟག་དང་སྦྲང་མ་མཉམ་རྡུང’ གི་རུལ་སུངས་ངོ་རྒོལ་གྱི་འབོད་ཚིག་འོག་དམར་ཤོག་མཐོ་རིམ་དཔོན་རིགས་༡༠༠ ལྷག་ལ་ཞིབ་བཤེར་ཁྲིམས་གཅོད་དང་། ‘སྤྱོད་ངན་བཞི།’ ‘དབུས་དམར་ཤོག་གི་གཏན་འབེབས་བརྒྱད་’སོགས་ཀྱི་དྲིལ་བསྒྲགས་འོག གཞི་རིམ་དམར་ཤོག་ལས་བྱེད་པར་ཞིབ་བཤེར་གྱིས་དམར་གཙང་སྲིད་གཙང་ཟེར་བའི་ལས་འགུལ་སྤེལ་ཏེ། དམར་ཤོག་དང་མང་ཚོགས་བར་ཤ་དང་རུས་པ་ལྟ་བུའི་འབྲེལ་བ་ཟབ་མོ་འཛུགས་རྒྱུ་ཡིན་པ་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་རྒྱུ་ཡིན་སྐོར་དྲིལ་སྒྲོག་ཤུགས་ཆེན་བྱས་ཡོད། ཡིན་ནའང་། འདས་པའི་ལོ་ ༣ ལྷག་གི་ཞིས་ཅིན་ཕིན་གྱིས་སྲིད་བསྐྱངས་དུས་ཡུན་རིང་། དམར་ཤོག་‘མང་ཚོགས་ལམ་ཕྱོགས་’དང་འབྲེལ་ཏེ་བོད་ནང་དམ་དྲག་སྲིད་ཇུས་མང་པོ་ལག་བསྟར་བྱས་ཏེ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྔར་བའི་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད།”
གསལ་བསྒྲགས་དེའི་ནང་བོད་ནང་དབང་བསྒྱུར་བྱེད་ཐབས་སྐོར་འཁོད་དོན། “རྒྱ་གཞུང་གིས་མང་ཚོགས་ལམ་ཕྱོགས་ཀྱི་ལས་འགུལ་དང་འབྲེལ་ནས། བོད་ནང་ལས་བྱེད་པ་མང་པོ་གཞི་རིམ་དུ་བཏང་སྟེ་དབང་ཤུགས་ཀྱི་བཙན་བསྒྱུར་དང་དཔལ་འབྱོར་གྱི་བསླུ་བྲིད་བྱེད་ཐབས་གཉིས་ལ་བརྟེན་ནས། གཞི་རིམ་སྡེ་བ་སོ་སོའི་ནང་དམར་ཤོག་ཚོགས་མི་འཕར་སྣོན་ཐོག ཆེས་ཆུང་བའི་སྤྱི་ཚོགས་སྡེ་ཚན་ཁྱིམ་ཚང་ནས་སྡེ་བའི་བར་དུ་ཕན་ཚུན་བཤུ་གཞོག་དང་གཉའ་གནོན་རིམ་པ་བགར་ཏེ། གཞི་རིམ་མང་ཚོགས་ཁྲོད་དུད་དཔོན་དང་རུ་དཔོན། དྲ་བདག སྡེ་དཔོན། དམར་དཔོན་བཅས་རིམ་པ་ལྟར་ཕན་ཚུན་གཅིག་གིས་གཅིག་ལ་དབང་སྒྱུར་གྱི་ལམ་ལུགས་བཙུགས་ཤིང་། དེ་རྒྱུན་འཁྱོངས་ཡོང་ཐབས་སུ་སྡེ་བ་སོ་སོ་དྲ་མིག་ཅན་གྱི་ཁྱབ་ཁོངས་ཆུང་ངུར་བཅད་བགོས་ཀྱིས་གྲལ་རིམ་མཐོ་དམའ་ལྟར་བཤུ་གཞོག་བྲན་བསྒྱུར་གྱི་དབང་ཆ་སྤྲད་དེ། སྡེ་བ་སོ་སོའི་ནང་དུད་དཔོན་ལ་དུད་ཁྲིམས། རུ་དཔོན་ལ་རུ་ཁྲིམས། དྲ་བདག་ལ་དྲ་ཁྲིམས། སྡེ་དཔོན་ལ་སྡེ་ཁྲིམས། དམར་དཔོན་ལ་དམར་ཁྲིམས་བཅས་ཁྲིམས་དང་སྒྲིག་གཞིའི་གཟེབ་དྲ་ཆེན་པོ་ཞིག་བཟོས་ཐོག རྒྱ་གཞུང་གིས་ལས་འགུལ་དེ་ལ་ ‘ཁྲིམས་སྐྱོང་སྤྱི་ཚོགས’ ཞེས་པའི་ཕྱི་ཐུམ་མཛེས་པོ་ཞིག་སྤྲས་ནས་དྲིལ་བསྒྲགས་བྱེད་ཀྱིན་ཡོད།”
གསལ་བསྒྲགས་དེའི་ནང་ཉམས་ཞིབ་བརྒྱུད་དེ་ཤེས་རྟོགས་བྱུང་བའི་སྐོར་འཁོད་དོན། “བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་གཞུང་གིས་བོད་ནང་སྤེལ་བཞིན་པའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལས་འགུལ་ཐད་ཉམས་ཞིབ་བརྒྱུད། ཉེ་ཆར་<<ལམ་ཕྱོགས་དམར་པོ་>>ཞེས་པའི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སྙན་ཐོ་འདི་བཏོན་པ་ཡིན་ལ། སྙན་ཐོའི་ནང་ཞིས་ཅིན་ཕིན་གྱིས་ཚ་ཚ་འུར་འུར་གྱིས་རྒྱ་ནག་ཁྱོན་ཡོངས་ལ་སྤེལ་བཞིན་པའི་ ‘མང་ཚོགས་ལམ་ཕྱོགས་’ ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་དམིགས་ཡུལ་དང་། དེ་བཞིན། བོད་ནང་སྤེལ་བཞིན་པའི་ ‘མང་ཚོགས་ལམ་ཕྱོགས་’ ཀྱི་ལས་གཞི་ཁག་ལ་ཉམས་ཞིབ་ཐོག བོད་དང་རྒྱ་ནང་སྤེལ་བཞིན་པའི་མང་ཚོགས་ལམ་ཕྱོགས་ལས་འགུལ་བར་གྱི་ཁྱད་པར་དང་། ལྷག་པར་དུ་མང་ཚོགས་ལམ་ཕྱོགས་ལས་འགུལ་དང་འབྲེལ་ནས་བོད་ནང་གཞི་རིམ་དམར་ཤོག་སྒྲིག་འཛུགས་རྒྱ་བསྐྱེད། དྲ་མིག་ཅན་གྱི་སྤྱི་ཚོགས་དོ་དམ་གསར་འཛུགས། རྨང་བརྟན་དམངས་ཕན་ཟེར་བའི་དཔལ་འབྱོར་གྱི་བསླུ་བྲིད་ལ་བརྟེན་ནས་མང་ཚོགས་གཅུན་སྡོམ་གྱི་ལས་འགུལ་སྤེལ་བཞིན་པ་སོགས། མདོར་ན་རྒྱ་གཞུང་གིས་བོད་ནང་ ‘སྤྱི་ཚོགས་བཙོན་ར’ བཟོས་ཏེ་ ‘དམར་པོའི་བྲན་གཡོག་སྤྱི་ཚོགས’ ཤིག་བསྐྲུན་བཞིན་པ་གསལ་འདོན་བྱས་ཡོད།”
ལྟེ་གནས་ཁང་དེས་རྒྱ་ནག་གིས་ཁྲིམས་ལུགས་སྲུང་བརྩི་བྱེད་ཀྱི་ཡོད་མེད་སྐོར་འཁོད་དོན། “རྒྱ་གཞུང་ནི་<<རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་>> ཀྱིས་མཚོན་པའི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྤྱི་ཆིངས་ཁག་ལ་ངོས་འཛིན་མིང་རྟགས་བཀོད་མཁན་གྱི་ཚོགས་ཞུགས་རྒྱལ་ཁབ་ཅིག་ཆགས་ཡོད། ཡིན་ནའང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཁས་ལེན་དམ་བཅའ་ཁག་རྡོག་རོལ་བཏང་སྟེ། མི་རིགས་དབྱེ་འབྱེད་ཀྱི་སྒོ་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩ་གཏོར་གྱི་སྲིད་ཇུས་འདྲ་མིན་སྤེལ་བཞིན་ཡོད། ད་ལྟའི་ཆར་བོད་ནང་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་འདི་ནི། བོད་མི་གཅིག་པུའི་དཀའ་སྡུག་གནད་དོན་ཁོ་ན་ཙམ་མ་ཡིན་པར། འཛམ་གླིང་མི་འབོར་གྱི་བདུན་ཆ་གཅིག་ཟིན་པའི་རྒྱ་དམར་དབང་སྒྱུར་འོག་གི་མི་དམངས་ཡོངས་དང་། འཛམ་གླིང་འགྲོ་བ་མིའི་རིགས་སྤྱིའི་རང་དབང་དང་ཐོབ་ཐབ་གནད་དོན་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། དེ་བས། <<ལམ་ཕྱོགས་དམར་པོ>> ཞེས་པའི་སྙན་ཐོ་འདི་བརྒྱུད་ནས་རྒྱ་གཞུང་གིས་བོད་ནང་སྲིད་ཇུས་དང་ལས་འགུལ་རང་བཞིན་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནས་ཚུལ་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གི་ངོས་ནས་སྔར་ལྷག་དོ་སྣང་དང་། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་ནང་སྤེལ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྩ་གཏོར་གྱི་སྲིད་ཇུས་དེ་དག་མཚམས་འཇོག་ཡོང་བའི་རེ་བ་ཞུ་བཞིན་ཡོད།”
<<ལམ་ཕྱོགས་དམར་པོ>> ཞེས་པའི་ཉམས་ཞིབ་སྙན་ཐོའི་གློག་རྡུལ་དེབ་གཟུགས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་ཐོག་ཏུ་བཞག་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།