བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་མུ་མཐུད་ནས་ཛ་དྲག་ཡིན་པའི་སྙན་ཐོ་བཏོན་འདུག

ཟླ་༡ པོའི་ཚེས་༡༢ ཉིན་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཆེ་གྲས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱལ་སྤྱིའི་རྒྱལ་ཁབ་༡༠༠ ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྙན་ཐོ་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གནད་དོན་ཡང་བཀོད་འདུག 

སྙན་ཐོའི་ནང་དུ་བོད་ཁུལ་གྱི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། འགྲོ་སྐྱོད་རང་དབང་། འདུ་འཛོམས་རང་དབང་སོགས་ཀྱི་ཐོག་ཏུ་བཀག་སྡོམ་ཤུགས་ཆེན་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་དང་། བོད་ནང་དུ་མང་ཚོགས་ཕོན་ཆེན་གནས་སྤོ་བྱེད་དུ་འཇུག་པ་དང་ཁོར་ཡུག་གཏོར་སྐྱོན། གཞི་རིམ་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་མེད་པ་བཟོ་བཞིན་པ་སོགས་ཀྱི་གནད་དོན་ཐད་སེམས་འཚབ་ཀྱིས་གླེང་སློང་བྱས་ཚེ། རྒྱ་ནག་གཞུང་གིས་ཡ་ལན་དུ་དྲག་གནོན་བྱེད་ཀྱི་ཡོད་པ། ས་གནས་དཔོན་རིགས་དང་ལས་བྱེད་ཚོས་མི་མང་ལ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པའི་ཐད་ལམ་སྟོན་གོ་རྟོགས་སྤེལ་དགོས་པ། གཞུང་དང་ཁ་གཏད་འགྲོ་མཁན་ཚོའི་ཐོག་ཏུ་གཞུང་ལ་སྙན་སེང་ཞུས་ཚེ་དངུལ་གྱི་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད་ཅེས་འཁོད་འདུག 

དེ་བཞིན་སྙན་ཐོའི་ནང་དུ་མུ་མཐུད་ནས་འཁོད་དོན་ལ། བོད་ནང་དུ་ཞིབ་བཤེར་དམ་དྲག་ཚབས་ཆེན་འོག བོད་མི་རྣམས་མུ་མཐུད་ནས་དྲ་ཐོག་གི་ཁྲིམས་དང་འགལ་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པ། དེ་ཡང་ཁ་པར་ནང་དུ་བཀག་སྡོམ་བྱས་པའི་གནས་ཚུལ་རིགས་ཡོད་པའམ། ཡང་ན་གཞུང་གིས་བོད་མི་རྣམས་ལ་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་པ། རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་བསྟི་གནས་ཁང་ཁག་དང་ཆོས་ལུགས་ཀྱི་འགོ་ཁྲིད་དང་སློབ་དཔོན་རྣམས་ཀྱི་ཐོག་ཏུ་སྟངས་འཛིན་དམ་དྲག་བྱེད་ཆེད་དུ། བོད་མི་རྣམས་ལ་དྲ་ཐོག་ཏུ་གསུང་ཆོས་དང་དེ་འབྲེལ་གྱི་གནས་ཚུལ་རྣམས་འགོད་རྒྱུ་བཀག་སྡོམ་བྱས་ཡོད་པ། རྒྱ་ནག་གིས་བཟོས་པའི་སི་ཁྲོན་ཞིང་ཆེན་ཟེར་བའི་ཁུལ་དུ། ཆོས་ལུགས་དང་འབྲེལ་བའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས། སྔོན་ཚུད་ནས་འཛུགས་སྐྲུན་གྱི་ཆོག་མཆན་སྤྲད་པའི་སྐུ་འདྲ་དང་ལྷ་ཁང་རྣམས་གཏོར་བཤིགས་གཏོང་དགོས་བའི་བཀའ་བཏང་ཡོད་སྐོར་སོགས་འཁོད་འདུག 

རྒྱ་ནག་གཞུང་གིས་བོད་མི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་། རོང་པོ་དགེ་འདུན་ལྷུན་གྲུབ། ཐུབ་བསྟན་བློ་གྲོས་སོགས་ཆོས་ལུགས་དང་རིག་གཞུང་གི་གནད་དོན་མི་སྣ་རྣམས་གཞུང་དང་འགལ་ཟླའི་བསམ་ཚུལ་འཛིན་གྱི་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ནས་སྡུག་སྦྱོང་མནར་གཅོད་བཏང་ཡོད་སྐོར་འཁོད་འདུག དེ་བཞིན་ཕྱི་ལོ་༢༠༢༢ ལོའི་ཟླ་༣ པའི་ནང་རྒྱལ་ས་ལྷ་སར་ཕོ་བྲང་པོ་ཏ་ལའི་མདུན་དུ། བོད་མི་ན་གཞོན་གཞས་པ་ཚེ་དབང་ནོར་བུས་རང་སྲེག་རྒྱ་རྒོལ་གནང་ཡོད་སྐོར་སོགས་འཁོད་འདུག 

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་ནས། བོད་དང་ཧོང་ཀོང་། ཡུ་གུར་ས་གནས་བཅས་གསུམ་གྱི་ཐོག་ཏུ་དམིགས་སུ་བཀར་ནས་བཀོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།