བོད་པ་ཁ་ཆེ་ཚོས་ཁོང་ཚོའི་སྐུ་ཚབ་ཅིག་སྤྱི་འཐུས་ནང་དགོས་ཀྱི་འདུག་ཅེས་གསུངས་སོང་།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན། ༡༩༥༩ ལོར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་མང་པོ་རྒྱ་གར་དུ་སྐྱབས་བཅོལ་ལ་སླེབས་པ་དང་། དེའི་ནང་བོད་པ་ཁ་ཆེ་ཡང་མང་པོ་ཡོང་ཡོད་པས། ཁོང་ཚོ་ད་ལྟ་རྒྱ་གར་ཀ་ཤི་མིར་དུ་གཞིས་ཆགས་ཏེ། རྒྱ་གར་གྱི་མི་སེར་ལག་ཁྱེར་བླངས་ནས་བསྡད་ཡོད་པ་རེད།

ཀ་ཤི་མིར་བོད་པ་ཁ་ཆེའི་ས་གནས་གཞོན་ལྷན་ཚོགས་གཙོ་དང་ཚོགས་མི་ཞིག་ལ་བཅར་འདྲི་བྱས་པ་ཡིན། གསར་འགོད་པ་ཆོས་ཉིད་འོད་ཟེར།

bodba-khacheརྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན། ༡༩༥༩ ལོར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་མང་པོ་རྒྱ་གར་དུ་སྐྱབས་བཅོལ་ལ་སླེབས་པ་དང་། དེའི་ནང་བོད་པ་ཁ་ཆེ་ཡང་མང་པོ་ཡོང་ཡོད་པས། ཁོང་ཚོ་ད་ལྟ་རྒྱ་གར་ཀ་ཤི་མིར་དུ་གཞིས་ཆགས་ཏེ། རྒྱ་གར་གྱི་མི་སེར་ལག་ཁྱེར་བླངས་ནས་བསྡད་ཡོད་པ་རེད། ཁོང་ཚོའི་བོད་སྐད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་སྐད་ཀྱི་སྒྲ་གདངས་རང་ཡིན་པ་དང་། ཁོང་ཚོའི་གཞིས་ཆགས་ནང་ཟུར་དུ་ཁ་ཆེ་བོད་པའི་སློབ་གྲྭ་ཞིག་དང་། དུས་རྒྱུན་འཚོ་རྟེན་གཙོ་བོ་ཚེམས་བཟོ་ཡིན་པ་རེད།

༡༩༩༥ ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ཡོད་ནའང་རྗེས་སུ་ཉམས་ཆག་ཏུ་སོང་བ་དང་། ས་གནས་སུ་རང་བདེན་ཚོགས་ཆུང་ཞིག་ཡོད་འདུག་ཀྱང་། བར་ལམ་ཞིག་ནས་ཕྱིར་བསྡུ་བྱས་ཡོད་འདུག ད་ལྟ་ཁོང་ཚོར་རྒྱ་གར་གྱི་མི་སེར་ལག་ཁྱེར་ཡོད་པ་ལས། དེ་མིན་འཚོ་རྟེན་བོད་གཞུང་དང་རྒྱ་གར་གཞུང་གཉིས་ཀར་འབྲེལ་བ་ཆེན་པོ་མེད་པར། ལོགས་སུ་གནས་ཡོད་པ་དང་། འདི་ལོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བསྐྱར་གསོ་བྱས་ཏེ། ཚོགས་ཆེན་ཐོག་དྷ་སར་ཁོང་ཚོའི་སྐུ་ཚབ་གསུམ་ཚོགས་བཅར་བྱས་ཡོད་པ་རེད།

bodba-khache1བོད་པ་ཁ་ཆེ་ཧི་ཌའི་ཌོ་ལཱ་ནི་བོད་རྩེད་ཐང་ལ་སྐྱེས་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས། རྒྱ་གར་དུ་སྐྱབས་བཅོལ་ལ་སླེབས་ནས། ཀ་ཤི་མིར་ས་གནས་སུ་གནས་སྡོད་བྱས་ཡོད་པ་རེད། ད་ལྟ་ཁོང་ཀ་ཤི་མིར་ས་གནས་གཞོན་ནུའི་ཚོགས་གཙོ་ཡིན་པ་རེད།

དྲི་བ། ཐེངས་འདིའི་ཚོགས་ཆེན་བརྒྱུད་ཁྱེད་རང་ལ་ཚོར་བ་གང་བྱུང་ཡོད་དམ།
ལན། དེ་རིང་གི་ཚོགས་ཆེན་སྐབས།ས་གནས་ཁག་ནས་ཡོང་མཁན་ཚང་མས་ང་ཚོར་དགའ་པོའི་ངང་སྐད་ཆ་བཤད་པ་དང་པར་མཉམ་དུ་བརྒྱབ་པ། དེ་བཞིན་ཕན་ཚུན་བོད་སྐད་བརྒྱབ་པ་སོགས་བྱས་ནས་ཕན་ཚུན་ངོ་སྤྲོད་ཡོང་བས་སེམས་པ་ཤིན་ཏུ་དགའ་པོ་བྱུང་། དེ་བཞིན་དབུས་གཞོན་ནུས་ལོ་གསུམ་གྱི་ལས་རིམ་སྒྲོགས་སྦྱང་ཞུས་སོང་བས། ཁོང་རྣམ་པས་དངོས་གནས་ལས་ཀ་ཡག་པོ་བྱས་འདུག ལས་ཀ་མང་པོ་ཞིག་བྱེད་དགོས་ཟེར་གྱི་ཡོད་པ་རེད། གཞིས་ཆགས་ལ་ཅིག་བྱེད་དགོས་ཟེར་གྱི་ཡོད་པ་རེད། འགོ་ཁྲིད་མཁན་ཡག་པོ་ཞིག་གི་འོག་ལས་ཀ་བྱེད་མཁན་ཡོད་ན་ཡག་པོ་ཡོང་གི་རེད།

དྲི་བ། ཁྱེད་རང་ཚོ་དེ་གར་བོད་རིགས་ཁ་ཆེ་བ་ག་ཚོད་ཡོད་དམ།
ལན། དང་ཐོག་མི་ཚང་༡༤༠ ཡོད་པ་རེད། རྗེས་སུ་ཕན་ཚུན་ཆང་ས་བརྒྱབ་པ་སོགས་བྱས་ནས་ཁྱོན་བསྡོམས་པའི་དེང་གི་ཆར་༢༢༠༠ ཡོད་རེད། སྔོན་མ་གཞུང་གི་ས་ཆ་ཞིག་སྤྲད་ཡོད་རེད་དེ། མི་མང་དུ་སོང་དུས་སྡོད་ས་མེད་པའི་དཀའ་ངལ་ཡོད་རེད། སྔོན་མ་༧གོང་ས་མཆོག་ཐེངས་གཅིག་ང་ཚོའི་ས་གནས་ལ་ཕེབས་དུས། ཁོང་གིས་གཞིས་ཆགས་ལ་འཚམས་གཟིགས་གནང་བ་རེད། ང་ཚོའི་གཞིས་ཆགས་ཀྱི་རྒྱབ་ཏུ་གཙང་པོ་ཞིག་ཡོད་པ་དེ་སྔོན་མ་གཙང་མ་ཡོད་པ་རེད་མོད། རྗེས་སུ་དེའི་ནང་སོ་སོ་དང་ཕྱི་མི་ཚང་མས་གད་སྙིགས་སོགས་མང་པོ་གཡུག་རྐྱེན་རྫབ་དོང་ཆགས་ནས་དྲི་ངན་ཡོད་རེད། ༧གོང་ས་མཆོག་གིས་སྐབས་དེར་ཀ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་ལ། དེ་གར་ཡོད་པའི་ངའི་མི་སེར་དེ་ཚོ་སྔོན་མ་ལྷ་ས་ལ་སྐྱིད་པོ་བྱས་ནས་སྡོད་མཁན་རེད། ད་ལྟ་ཁོང་ཚོ་སྡོད་ཡུལ་དེར་དྲི་མ་ངན་ནས་ངའི་སྣ་ཁུག་ཡང་ན་ཟུག་བརྒྱབ་སོང་། ཁྱེད་རང་གིས་ཁོ་ཚོར་ས་ཆ་གཞན་ཞིག་བཙལ་ནས་གནང་རོགས་གསུངས་པ་རེད། དེ་རྗེས་ང་ཚོར་ས་ཆ་གཞན་ཞིག་གནང་སྟེ། གཞིས་ཆགས་གསར་འཛུགས་བྱས་པ་རེད། དེ་གར་བསྡད་ནས་ད་ཆ་ཕལ་ཆེར་ལོ་ངོ་སུམ་ཅུ་བཞི་བཅུ་ཞིག་འགྲོ་ཡི་ཡོད་རེད། རྗེས་སུ་གཞིས་ཆགས་གཞན་པ་ཞིག་ལ་གཞུང་གིས་ས་ཆ་ཞིག་སྤྲད་པ་རེད། ང་ཚོའི་གཞིས་ཆགས་ཁག་གི་བར་ལ་ཐག་རིང་པོ་ཡོོད་མ་རེད། སྐར་མ་༡༠ དང་༡༥ ཡི་རྒྱང་ཐག་རེད། དེ་སྔོན་༧གོང་ས་མཆོག་ཕེབས་སྐབས། ང་ཚོའི་ཕྲུ་གུ་རྣམས་ཀྱིས་བོད་སྐད་གཙང་མ་རྒྱག་དུས། ལྷ་ས་དྲན་གྱི་འདུག་གསུངས་སོང་། ངས་བྱས་ན་ང་ཚོ་ཚང་མ་ས་གནས་གཅིག་ལ་སྡོད་ཀྱི་ཡོད་པས། བོད་སྐད་དེ་ཉར་ཐུབ་པ་རེད་བསམ་གྱི་འདུག ང་ཚོ་བོད་པ་གཅིག་པ་ཡིན་པས་བོད་པ་ཁ་ཆེ་དེ་ཚོ་རྒྱ་གར་དང་དེ་མིན་གྱི་མོའུ་སི་ལིམ་གཞན་དང་ནོར་ས་ཡོད་པ་རེད། ཕ་མ་དང་རྒན་པ་ཚོས་བོད་སྐད་ཡག་པོ་ཞིག་བསླབ་ན་ཡག་པོ་ཆགས་ཀྱི་རེད།

bodba-khache2བོད་པ་ཁ་ཆེ་བ་ཨབ་དུལ་ནི་ལྷ་སར་སྐྱེས་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་རྗེས། རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་། ༡༩༩༥ ལོར་ཀ་ཤེ་མིར་དུ་བོད་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་པོ་འཛུགས་སྐབས། ཁོང་གིས་ཚོགས་གཙོ་གནང་ཡོད་པ་རེད། 

དྲི་བ། ཐེངས་འདིར་ཁྱེད་རང་ཚོ་གཞོན་ལྷན་གྱི་ཚོགས་ཆེན་ཀ་ཤེ་མིར་ས་གནས་གཞོན་ལྷན་གྱི་སྐུ་ཚབ་བྱས་ནས་ཚོགས་འདུར་མཉམ་ཞུགས་བྱས་ཡོད་པས། མཐོང་ཚུལ་ག་རེ་བྱུང་སོང་།

ལན། ཚོགས་འདུའི་སྟེང་ཡག་པོ་ཞེ་དྲག་གསུང་གི་འདུག་ལ། ཡར་རྒྱས་སྐོར་སོགས་ཕྱོགས་གང་ཐད་ནས་ཡག་པོ་གསུངས་སོང་། ང་ཚོ་བོད་ཡིག་ཤེས་ཀྱི་མེད་པས་ཡིག་སྐད་ཐོག་བཤད་ཡོང་དུས་གོ་ཁག་པོ་འདུག དེ་མིན་སྐད་ཆ་ཁ་ཐུག་རང་བཤད་དུས་ཡག་པོ་གོ་ཡི་འདུག

དེ་ཚོར་བལྟས་ཡོང་དུས། ང་ཚོར་གྱོང་ཞེ་དྲག་རག་བསྡད་པ་འདྲ་པོ་འདུག ག་རེའི་ཐོག་ཡིན་ནའང་རེད། འཚོ་བ་ཡིན་ནའང་ཕྲུ་གུའི་སློབ་སྦྱོང་ཐོག་ལ་རེད། འདིར་ཕན་པ་ག་རེ་ཡོད་ན་རག་བསྡད་པ་འདྲ་པོ་ཞིག་དང་། ང་ཚོར་གང་ཡང་རག་མེད་པ་འདྲ་པོ་མཐོང་གི་འདུག

དྲི་བ། ཁྱེད་རང་ཚོ་ཡོད་སའི་ས་གནས་གཞོན་ནུ་ལྷན་ཚོགས་བར་ལམ་ཉམས་ཆག་སོང་བ་དང་། ད་ལོ་སླར་གསོ་བྱས་ནས་འདིར་བཅར་ཐུབ་ཡོད་པ་རེད། ཕར་ལོག་ནས་གྱོང་གུད་རག་ཡོད་པའི་ཐོག་ལ་ལས་འགུལ་ག་རེ་སྤེལ་རྩིས་ཡོད་དམ།
ལན། ང་ཚོ་འདིར་སླེབས་ནས་གྱོང་གུད་ག་རེ་ཡོད་མེད་སེམས་ལ་འཁོར་ཡོད་པ་དང་། མིག་གིས་མཐོང་ཡོད་པས། ཕར་ལོག་ནས་ཁོང་རྣམ་པ་(གཞོན་ལྷན་དབུས་རྒྱུན་)དང་འབྲེལ་བ་བྱས་ནས། ང་ཚོར་ཕན་ག་རེ་ཐོགས་ཐུབ་མིན་དང་། ཁོང་རྣམ་པས་ག་རེ་གནང་གི་ཡོད་མེད་ལ་བལྟས་ནས། གོམ་པ་སྤོས་ནས་འཆར་གཞི་འཐེན་རྒྱུ་ཡིན།

དྲི་བ། ཁྱེད་རང་ཚོའི་ས་གནས་ལ་གཞོན་ནུའི་ཚོགས་མི་ག་ཚོད་ཡོད་དམ།
ལན། ཐོག་མར་འགོ་བཙུགས་དུས་ཚོགས་མི་བརྒྱ་དང་ལྔ་བཅུ་དྲུག་ཅུ་ཞིག་ཡོད་པ་རེད། རྗེས་སུ་བོད་པའི་སྤྱི་ཚོགས་ནང་བོད་སོག་ལས་ཁུངས་ཀྱི་གནས་ཚུལ་ཞིག་སླེབས་ནས་ཚོགས་མི་ཞེ་དྲག་ཉུང་དུ་ཕྱིན་པ་རེད། ད་ལྟའི་ཆར་ཚོགས་མི་བཅུ་གཉིས་བཅུ་གསུམ་ཞིག་ཡོད། ང་ཚོས་ལས་ཀ་གཙོ་བོ་དེ་སློབ་གྲྭ་ཞིག་དང་ཚེམས་ཁང་ཞིག་ཡོད་པ་དེར་འཛིན་སྐྱོང་བྱེད་ཀྱི་ཡོད། དེ་ཡང་༧གོང་ས་མཆོག་དང་ཤེས་རིག་ལས་ཁུངས་གཉིས་ཀྱི་ཕྱག་དངུལ་གནང་སྟེ་བྱུང་བ་ཞིག་རེད། གཞོན་པ་ཚོས་དེ་བཟུང་བསྡད་ཡོད་རེད།

དྲི་བ། ཁྱེད་ཀྱི་ས་གནས་ལ་གཞོན་ནུའི་ཚོགས་མི་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་དམ།
ལན། ཚོགས་མི་མང་དུ་གཏོང་དགོས་པ་མཐོང་གི་འདུག འོན་ཀྱང་དེའི་ནང་མི་འཛུལ་བར་ཕན་ཐོགས་ག་རེ་ཡོད་མེད་སྟོན་རྒྱུ་ཞིག་དགོས་རེེད་ཨ། འཆར་གཞི་འཐེན་ནས་མི་ཚུར་བཀུག་དགོས་ཀྱི་ཡོད་པས། དབུས་གཞོན་ནུ་དང་འབྲེལ་བ་བཞག་ནས་ག་རེ་བྱེད་དགོས་མིན་བལྟ་ཡི་ཡིན། གསར་པ་ཚོར་ལམ་ཁ་ག་འདྲ་སྟོན་དགོས་ཀྱི་འདུག སློབ་སྦྱོང་ག་ཚོད་སློབ་ཐུབ་དང་། རྩེད་མོ་ག་ཚོད་སློབ་ཐུབ་ལྟ་དགོས་རེད།

དྲི་བ། ཁྱེད་རང་ཚོའི་ས་གནས་ལ་བོད་པ་ཁ་ཆེ་ག་ཚོད་ཡོད་དམ།
ལན། ང་ཚོ་ལ་བོད་པའི་གཞིས་ཆགས་གསུམ་ཡོད་པ་དང་། བོད་པ་ཉིས་སྟོང་ལྷག་ཡོད་པ་རེད། དེ་དག་ལས་རྙིང་ཤོས་ཨི་ཌེ་ཀ་དང་། དེ་ནས་ཧ་ཝེལ། གུལ་ཤན་བཅས་རེད།

དྲི་བ། ཁྱེད་རང་ཚོའི་གཞིས་ཆགས་གསུམ་པོར་གཟིགས་རྟོག་གང་འདྲ་བྱེད་ཀྱི་ཡོད་པ་དང་འཚོ་གནས་གང་ལ་བརྟེན་གྱི་ཡོད་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། སྔ་མ་ང་ཚོ་བོད་ལ་ཡོད་དུས་འཚེམ་པོ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེང་སང་སློབ་སྦྱོང་ཡོད་མཁན་གཞོན་སྐྱེས་ཚོ་ནི་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད་པ་དང་། ཕར་ལ་ཡོད་མཁན་ཚོ་ནི་ཚོང་ཁང་ཡོད་མཁན་དང་། ཀ་ཤི་མིར་བུད་མེད་ཀྱི་གྱོན་ཆས་ལ་མེ་ཏོག་གི་རི་མོ་འཚེམས་པོ་བརྒྱབ་ནས་འཚོ་གནས་བྱེད་མཁན་མང་པོ་ཡོད་རེད། དེ་བཞིན་གཞིས་ཆགས་ཁག་ལ་གཟིགས་རྟོག་གནང་མཁན་དམིགས་བསལ་མེད་པ་རེད། བོད་གཞུང་ནས་ཀྱང་མེད་པ་རེད། དེ་སྔོན་ཕལ་ཆེར་ལོ་དྲུག་གི་སྔོན་དུ་རང་བདེན་ཚོགས་ཆུང་ཞིག་ཡོད་པ་རེད་དེ། རྗེས་སུ་དེ་སྒོ་བརྒྱབ་འདུག་པ་དང་། དེའི་རྒྱུ་མཚན་ག་རེ་ཡིན་མིན་འགྲེལ་བཤད་ཀྱང་བརྒྱབ་མ་སོང་།

དྲི་བ། གཞིས་ཆགས་གསུམ་གྱི་བོད་མི་ཚོ་བོད་པའི་སྤྱི་ཚོགས་ལྟ་བུ་གང་འདྲ་གནས་ཀྱི་ཡོད་དམ།
ལན། སྤྱིར་བཏང་ང་ཚོའི་གཞིས་ཆགས་གསུམ་པོ་དེ་ཀ་ཤི་མིར་ནང་གཞན་པ་དང་ལོགས་སུ་གནས་ཡོད་པ་དང་། ལོ་སར་དང་ཆང་ས་སྐབས་སུ་མཉམ་འཛོམས་སོགས་བྱེད་ཀྱི་ཡོད་པ་རེད། གཞན་འཚོ་བ་དེ་སོ་སོ་སྐྱེལ་གྱི་ཡོད་པ་དང་། སྐབས་རེ་རོགས་པ་དགོས་ཞེས་གསུངས་དུས་ཕན་ཚུན་ལ་རོགས་པ་གང་ཡོང་བྱེད་ཀྱི་ཡོད་རེད། དེ་མིན་དེ་གར་སྔོན་མ་འགོ་ཁྲིད་ཡོད་པ་རེད་དེ། དེང་སང་ཡོད་པ་མ་རེད།

དྲི་བ། ཁྱེད་རང་ཚོར་བོད་པའི་སློབ་གྲྭ་ཞིག་ཡོད་པ་དེའི་ནང་ལ་སློབ་ཚན་ག་རེ་ཁྲིད་ཀྱི་ཡོད་པ་དང་། སློབ་ཕྲུག་ག་ཚོད་ཡོད་དམ།
ལན། སློབ་གྲྭའི་ནང་ལ་ཀ་ཤི་མིའི་སློབ་གྲྭ་གཞན་ལྟར་དབྱིན་ཡིག་དང་ཨང་རྩིས་སོགས་དང་། ཨ་ར་བྷིག ཁ་ཆེའི་ཆོས་ཀྱི་དེབ་ཀཱོ་རན་སློབ་ཁྲིད་བྱེད་ཀྱི་ཡོད་རེད། དེ་བཞིན་བོད་ཡིག་སློབ་ཁྲིད་ཀྱི་ཡོད་རེད་དེ། ཚགས་ཚུད་པོ་ཞེ་དྲག་ཡོང་གི་མི་འདུག སློབ་གྲྭའི་ནང་ལ་སློབ་ཕྲུག་༧༠༠ ཙམ་ཡོད་རེད་དེ། བོད་ཕྲུག་ཉུང་ཉུང་རེད། གང་ཡིན་ཟེར་ན་དེང་སང་ཕྲུ་གུ་མང་པོ་སྐྱེ་མཁན་ཉུང་ཉུང་ཡིན་ཁར། ཕྲུ་གུ་སློབ་གྲྭ་གཞན་དག་མང་པོ་ལ་གཏོང་གི་ཡོད་པ་རེད། སློབ་གྲྭའི་དགེ་རྒན་སོགས་ལ་ཕོགས་རྒྱག་དགོས་པ་དང་སློབ་གྲྭ་རྒྱུན་སྐྱོང་བྱེད་ཆེད། ང་ཚོས་ས་གནས་ཀྱི་རྒྱ་གར་ཕྲུ་གུ་སློབ་གྲྭར་ལེན་གྱི་ཡོད་པ་རེད།

དྲི་བ། དེ་སྔོན་༧གོང་ས་མཆོག་ཁྱེད་ཚོའི་གཞིས་ཆགས་ལ་ཕེབས་དུས། ཁྱེད་རང་ཚོའི་བོད་སྐད་ཉར་ཚགས་ཡག་པོ་བྱས་ཡོད་སྐོར་གསུངས་ཡོད་པ་རེད། གཞོན་སྐྱེས་ཚོའི་བོད་སྐད་གནས་སྟངས་ག་འདྲ་འདུག
ལན། དེ་སྔོན་༧གོང་ས་མཆོག་ཕེབས་དུས་ད་ལྟའི་ཆར་བོད་སྐད་ཡག་པོ་ཉར་ཚགས་བྱས་འདུག འོན་ཀྱང་མ་འོངས་པར་བརླག་མི་ཡོང་ངམ་ཞེས་གསུངས་ཡོད་རེད། ངས་བྱས་ན་བོད་སྐད་བརླག་རྒྱུ་ཁག་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་ང་ཚོ་ཚང་མ་མཉམ་དུ་འདུས་ནས་བསྡད་ཡོད་ཁར། ཉིན་གང་བོད་སྐད་བཤད་ཀྱི་ཡོད་རེད། འོན་ཀྱང་མ་འོངས་པར་བོད་སྐད་བརླག་གི་མ་རེད་ཅེས་མཐའ་གཅིག་ཏུ་ལབ་ཐུབ་ཀྱི་མ་རེད།

དྲི་བ། དེང་སང་ཁྱེད་རང་ཚོའི་ས་གནས་ནས་ཤེས་ཡོན་ཡོད་མཁན་སློབ་མ་མང་པོ་ཞིག་རྒྱ་གར་གྱི་རྒྱལ་ས་དང་། ཨ་རབ་ཀྱི་ལུང་པ་ཁག་ལ་ཕྱིན་ནས་འཚོ་བ་སྐྱེལ་མཁན་མང་པོ་ཡོད་པས། དེ་དག་སྤྱི་ཚོགས་གཞན་ནང་འཐིམ་ནས་སོ་སོའི་རིག་གཞུང་སོགས་བརླག་པའི་སེམས་འཚབ་ཡོང་གི་འདུག་གམ།
ལན། སྔོན་མ་ཨ་རབ་ལ་འགྲོ་མཁན་ཁག་ཅིག་བྱུང་བ་རེད་མ་གཏོགས། གཞན་པ་སྤྱི་ཚོགས་གཞན་ལ་འཐིམ་ནས་སྡོད་མཁན་མང་པོ་མི་འདུག

དྲི་བ། ཀ་ཤི་མིར་གཅིག་པུ་ལ་མ་ཡིན་པར། ཀ་ལིང་སྦུག་སོགས་ལ་བོད་པ་ཁ་ཆེ་ཡོད་པས། ཁྱེད་རང་ཚོའི་བར་འབྲེལ་བ་གང་འདྲ་ཡོད་དམ།
ལན། བོད་པ་ཁ་ཆེ་ཀ་ལིང་སྦུག་དང་རྡོ་རྗེ་གླིང་། ལྡེ་རུ་ལྡུན། སོ་དྷི་ཨ་རབ་སོགས་ནང་ཡོད་པ་རེད་ལ། མང་ཤོས་དེ་ཀ་ཤི་མིར་ནང་ཡོད་རེད། ང་ཚོ་མང་པོ་ཞིག་ལ་ས་གནས་དེ་དག་ནང་སྤུན་མཆེད་ཡོད་པས། ཕན་ཚུན་འབྲེལ་བ་ཉར་གྱི་ཡོད།

དྲི་བ། ཁྱེད་རང་ཚོ་བོད་གཞུང་དང་འབྲེལ་ཐག་ཆད་ཡོད་པ་དང་། རྒྱ་གར་གཞུང་གི་མི་སེར་ཐོབ་ཐང་རག་ཆེད་གང་ཡང་བྱེད་ཀྱི་མེད་པ་རེད་དམ།
ལན། ང་ཚོ་འབྲེལ་བ་མང་བ་དེ་བོད་གཞུང་ལ་ཡོད་རེད་དེ། ང་ཚོས་དཀའ་ངལ་སུ་ལ་གང་འདྲ་ཞུ་དགོས་མིན་ཤེས་ཀྱི་མེད་པར་ལུས་ཡོད། ལོ་ལྟར་སྤྱི་འཐུས་ང་ཚོའི་སར་ཕེབས་ཀྱི་འདུག་པ་དང་། ང་ཚོས་ཁོང་རྣམ་པར་དཀའ་ངལ་ཞུ་ཡི་ཡོད། ད་ཐེངས་ཚོགས་ཐོག་ཏུ་སྤྱི་འཐུས་དེ་རང་ཉིད་ཀྱི་ས་ཁུལ་ནས་བདམས་ན་ཡག་པོ་ཡོད་སྐོར་བཤད་སོང་བས། དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། གལ་ཏེ་རང་ཉིད་ཀྱི་ས་གནས་ལ་སྤྱི་འཐུས་ཤིག་ཡོད་ན། ངོ་ཤེས་པ་ལ་དཀའ་ངལ་ཞུ་བདེ་བ་ཡོད་རེད།

དྲི་བ། ཁྱེད་རང་བྱས་ན་བོད་པ་ཁ་ཆེའི་སྐུ་ཚབ་ཅིག་སྤྱི་འཐུས་ལ་དགོས་ཀྱི་འདུག་གམ།
ལན། དེ་དགོས་ཀྱི་ཡོད་རེད། འགོ་ཁྲིད་མཁན་ཞིག་བྱུང་ན་ག་རེ་ཡིན་ཡང་ཡག་པོ་ཡོང་གི་རེད། ང་ཚོར་དམིགས་བསལ་གྱི་འགོ་ཁྲིད་ཡོད་མ་རེད་ལ། རྒྱ་གར་གཞུང་དང་བོད་གཞུང་གཉིས་ཀར་འབྲེལ་བ་མེད་པ་འདྲ་ཆགས་བསྡད་ཡོད་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི་བྱས། ༢༠༡༦།༩།༧ ཉིན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།