བོད་པའི་བྱམས་བརྩེ་ཁ་ཙམ་རེད་དམ།

ཆེད་བརྗོད།

བོད་མི་ཕལ་ཆེ་བའི་ཁ་ནས་དུས་རྒྱུན་འཚེ་མེད་ཞི་བ་དང་། བྱམས་བརྩེ་ཁོ་ན་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ལག་ལེན་ཐོག་རང་ཉིད་ཀྱིས་གླགས་ཁེལ་བའི་མི་ཞིག་ཡིན་ན་ཐུབ་ཚོད་གཏོང་རྐྱང་ལས། བྱམས་བརྩེ་དང་འཚེ་མེད། སྙིང་རྗེ་སོགས་མིང་ཚིག་སྙན་པོ་དག་ལ་བེད་སྤྱོད་གང་ཡང་མེད་མཁན་མང་པོ་ཡོད། སྤྱིར་འཚེ་བ་མེད་པ་གཞི་རྩར་བཞག་པའི་བྱམས་སྙིང་རྗེ་དེ་ཐེག་པ་ཆེན་པོའི་ཉམས་ལེན་དང་སྦྱར་ནས་ལག་བསྟར་བྱེད་དགོས་ན་སྟབས་བདེ་པོ་ཞིག་གང་ཡང་མིན་པས། ང་ཚོ་བོད་མི་རྣམས་ལ་མཚོན་ན་ཁ་རྒྱུན་དུ་ཡོད་པ་ཙམ་གྱིས་ལག་བསྟར་མ་ཐུབ་པར་ཕྱོགས་གཅིག་ནས་ཁག་མེད་པ་ལྟ་བུ་རེད། འོན་ཀྱང་ང་ཚོ་ལ་ཐུབ་ཚོད་དང་དབང་ཡོད་འབའ་ཞིག་བྱེད་མཁན་རྒྱ་དམར་གཞུང་རྗེས་འབྲངས་དང་བཅས་པར་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་བྱེད་ཐུབ་ཚུལ། ས་བསྒྲགས་གནམ་བསྒྲགས་བྱེད་མཁན་ཚོས་བོད་པ་ནང་ཁུལ་དུ་ཆ་ཤས་ཙམ་བྱེད་མི་ཐུབ་མཁན་མང་པོ་ཡོད་པ་ནི་བསམ་ཤེས་ཅུང་བྱེད་དཀའ་བ་ཞིག་ཏུ་གྱུར་འདུག་ལ། འདས་པའི་ལོ་རྒྱུས་ནང་དུའང་དེ་ལྟ་བུའི་གནས་ཚུལ་ཧ་ཅང་མང་པོ་བྱུང་མྱོང་།

ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མང་གཙོའི་ལམ་དུ་བསྐྱོད་ནས་མི་ལོ་དྲུག་ཅུ་བརྒལ་ཟིན་པ་དང་། མང་གཙོའི་ལེགས་བྱང་དང་གོམས་གཤིས་ཀྱི་ཐོག་ནས་ཀྱང་མི་དམན་ཙམ་ཞིག་ཡོད་དགོས་ངེས་རེད། སྤྱི་ཚོགས་ནང་ལྟ་ཚུལ་མི་མཐུན་པ་དང་ལངས་ཕྱོགས་མི་གཅིག་པ་རྣམས་ཀྱིས་ཕན་ཚུན་སྐྱོན་བརྗོད་དང་རྩོད་གླེང་བྱེད་དགོས་པ་མང་པོ་ཡོད་ཀྱང་། བསམ་བཞིན་དུ་མི་མང་པོ་ཞིག་གིས་འཚོ་བ་དང་ཚེ་སྲོག་ལ་རྒོལ་བའི་སྦྱོར་བ་བརྩམས་པ་ནི། ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་ཉམས་ལེན་དང་མི་མཐུན་པ་ཙམ་དུ་མ་ཟད། སྤྱི་ཚོགས་ཀྱི་ཡ་རབས་བཟང་སྤྱོད་དང་།  དེང་དུས་ཀྱི་གུ་ཡངས་དང་མཆམ་མཐུན་ཞེས་པའི་འབོད་ཚིག་འདི་དག་དང་གཏན་ནས་མི་མཐུན་པ་ཞིག་ཏུ་གྱུར་ཡོད། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་དང་། རྩོད་རྙོག་ཆེན་པོ་ཐོན་སྐབས་དངོས་སུ་གདོང་པ་བསྟན་ནས་རྩོད་གླེང་བྱེད་པ་ནི་མང་གཙོའི་སྤྱི་ཚོགས་ནང་དར་ཁྱབ་ཆེན་པོ་ཡོད་པ་ཞིག་ཡིན་པས། ཕྱོགས་གཅིག་ནས་འདི་ལྟ་བུའི་ཐོག་ནས་ཕན་པའི་ཆ་ཡང་མང་པོ་ཡོད་པ་ནི་སྨྲོས་མི་དགོས་པ་ཞིག་རེད།

ཉེ་བའི་ཉིན་ཤས་སྔོན་ཡུ་རོབ་ཁུལ་དུ་གནས་སྡོད་བྱས་ནས་མི་ལོ་ཉི་ཤུ་ལ་ཉེ་བའི་བོད་མི་སྐྱབས་བཅོལ་བ་ཞིག་ལ། གནས་ཡུལ་གཞུང་གིས་ཡིག་ཐོག་ནས་ཁྱེད་རང་རྒྱ་གར་དུ་སྐྱེས་མཁན་ཞིག་རེད་འདུག འདིར་ཁྱེད་ཀྱི་གནས་སྟངས་ཚང་མ་སྙན་གསན་ཞུ་མཁན་བྱུང་སོང་། གསལ་བཤད་ཚད་ལྡན་མེད་ན་མུ་མཐུད་རྒྱལ་ཁབ་དེར་སྡོད་མི་ཆོག་ཚུལ་བརྗོད་ཡོད་འདུག དོན་གྱིས་མི་དེ་ནི་ནམ་རྒྱུན་རང་ཉིད་ཀྱིས་གདོང་པ་བསྟན་ནས་སྲིད་སྐྱོང་གི་འོས་གཞི་བྱེ་བྲག་པ་གཅིག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག་པ་དང་། གཞན་ཡང་སྐད་ཆ་གང་ཡོད་ཁ་རུ་ཁ་ཐུག་གིས་ཤོད་མཁན་ཞིག་ཀྱང་ཡིན་འདུག དུས་རྒྱུན་མི་གཞན་དང་འཁོན་འགྲས་གང་ཡང་མེད་པས། ཁོང་ལ་དེ་ལྟ་བུའི་བསམ་ངན་བྱེད་མཁན་ནི་སྲིད་སྐྱོང་གི་འོས་མི་གཞན་དག་གི་རྒྱབ་སྐྱོར་བ་ཞིག་ཡིན་ངེས་ཚུལ་བརྗོད་བཞིན་ཡོད་འདུག། གནས་ཚུལ་འདི་ནི་ཉེ་བའི་ཉིན་ཤས་སྔོན་བྱུང་བ་ཞིག་ལས་ལོ་རྒྱུས་ཀྱི་རྩོད་རྙོག་ལྟ་བུ་ཞིག་མ་རེད། མ་འོངས་པར་འདི་ལྟ་བུའི་བསམ་ངན་བྱེད་རེས་བྱས་ན་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བྱེད་མཁན་བོད་མི་ཚོའི་གནས་སྟངས་ནི་ཚང་མས་ཤེས་གསལ་རེད།

རྒྱ་གཞུང་ལ་ཡིད་ཆེས་དང་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་འོག་སྡོད་རྒྱུའི་ལངས་ཕྱོགས་འཛིན་མཁན་ཞིག་ལ་མཚོན་ན། བོད་པ་ནང་ཁུལ་དུ་དེ་བས་ཀྱང་བསམ་ཤེས་དང་གུ་ཡངས་ཡོད་མཁན་ཞིག་ཡིན་དགོས་པ་ལྟ་བུ་ཡིན་མོད། དོན་དུ་བོད་པ་ནང་ཁུལ་འདི་ལྟ་བུའི་བསམ་ངན་བྱེད་ཕོད་པ་ནི། ཆེད་དུ་རྒྱ་གཞུང་གིས་བཀོད་མངགས་བྱས་པ་བཞིན་བོད་མི་སྐྱབས་བཅོལ་བ་རྣམས་གནས་བཟོད་མི་བདེ་བ་བཟོས་ནས། བོད་པའི་ཆིག་སྒྲིལ་དང་། འཐབ་རྩོད་ལ་བསམ་བཞིན་དུ་གཏོར་བཤིག་བཏང་བ་ཞིག་ཏུ་གྱུར་ཡོད། གཞན་ཡང་འདས་པའི་ལོ་རྒྱུས་ནང་བསམ་ཚུལ་མི་མཐུན་པ་ལ་བརྟེན་ནས་གནད་ཡོད་མི་སྣ་ལྐོག་གསོད་བཏང་བའི་ལོ་རྒྱུས་བྱུང་ཡོད་ཅིང་། དཔེར་ན་ཨ་མདོ་བ་གུང་ཐང་ཚུལ་ཁྲིམས་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོའི་སྤྱི་འཐུས་ཡིན་པ་དང་། ཕ་ཡུལ་ནས་གནད་ཡོད་མི་སྣ་ཞིག་ཡིན་པ་མ་ཟད། རྣམ་དཔྱོད་དང་འཇོན་ཐང་གང་ཐད་ནས་འགྲན་ཟླ་བྲལ་བ་ཞིག་ཡིན་འདུག་ཀྱང་། ཁོང་ལྟ་བུའང་ལྐོག་གསོད་བཏང་བས་མཚོན་གཞན་ཡང་གནས་ཚུལ་དེ་ལྟ་བུ་མངོན་དང་མི་མངོན་པའི་ཐོག་ནས་མང་པོ་བྱུང་ཡོད་ཚུལ་འདུག

མདོར་ན། “ཆོས་མེད་ཆོས་ཀྱིས་ཐུལ་ཡང་།། ཆོས་དྲེད་ཆོས་ཀྱིས་མི་ཐུལ།། ཀོ་གྱོང་སྣུམ་གྱིས་ཐུལ་ཡང་།། མར་སྐོགས་མར་གྱིས་མི་ཐུལ།།”ཞེས་པ་ལྟར། ང་ཚོ་བཙན་བྱོལ་བོད་མི་ལ་མཚོན་ན་དུས་རྒྱུན་ལམ་སྟོན་གྱི་ཉི་མ་འཚེ་མེད་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་མཆོག་ཡོད་བཞིན་དུ། ཁོང་གི་བཀའ་དགོངས་དང་གཏན་ནས་མི་མཐུན་པ་འདི་ལྟ་བུ་བྱེད་མཁན་ཡོད་པ་ནི་ཧ་ལས་དགོས་པ་ཞིག་ཏུ་གྱུར་ཡོད། དོན་དངོས་སུ་བོད་མི་རིགས་ནི་ཐུབ་ན་ག་རེ་ཡིན་ཡང་བྱེད་ཕོད་མཁན་ཞིག་དང་། མ་ཐུབ་ན་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཁ་གཡང་ཙམ་སྒྲོག་མཁན་ཞིག་ཏུ་འགྱུར་བཞིན་མེད་དམ་བསམ་པ་ལྟ་བུ་འདུག་ལ། རྒྱ་ལ་ཚིག་ངན་བརྗོད་ན་འཚེ་མེད་ཞི་བ་དང་འགལ་འགྲོ་ཚུལ་བརྗོད་མཁན་དག་གི་ནང་དུ། བོད་པ་ནང་ཁུལ་དུ་དགྲ་བོ་ལས་ཀྱང་སྡུག་པའི་ལྟ་ཚུལ་འཛིན་མཁན་མང་དག་ཅིག་ཡོད་པ་དང་། དེ་དག་གིས་༧གོང་ས་མཆོག་དུས་རྒྱུན་ལག་ཆ་ལྟ་བུར་བེད་སྤྱོད་གཏོང་རྐྱང་བྱེད་པ་ལས། སེམས་གཏིང་ནས་དད་འདུན་ཆེན་པོ་ཞིག་ཡོད་མེད་ཁོང་གི་ལམ་སྟོན་བཀའ་སློབ་དང་རྒྱབ་འགལ་བྱེད་སྟངས་ལ་བལྟས་ན་ཤེས་ཐུབ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།