བོད་པའི་སྲོག་རྩ་གང་ཡིན་ནམ།

མི་རིགས་ཀྱི་སྲོག་རྩ་གང་ཡིན་མིན་གྱི་སྐོར་ལ་གླེང་ཕྱོགས་མང་པོ་ཡོད་པ་དང་། མི་རིགས་ཤིག་གནས་དང་མི་གནས་མི་རིགས་དེའི་སྐད་ཡིག་རིག་གནས་ཀྱི་འཆི་གསོན་ལ་ཐུག་ཡོད་ཅེས་ཤོད་མཁན་མང་པོ་ཡོད་ལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༦༠  ཕྱི་ལོ་ ༢༠༢༡/༩/༡༥

མི་རིགས་ཀྱི་སྲོག་རྩ་གང་ཡིན་མིན་གྱི་སྐོར་ལ་གླེང་ཕྱོགས་མང་པོ་ཡོད་པ་དང་། མི་རིགས་ཤིག་གནས་དང་མི་གནས་མི་རིགས་དེའི་སྐད་ཡིག་རིག་གནས་ཀྱི་འཆི་གསོན་ལ་ཐུག་ཡོད་ཅེས་ཤོད་མཁན་མང་པོ་ཡོད་ལ། རྒྱལ་ཁབ་ཀྱི་བདག་དབང་ཤོར་ཟིན་པའི་རྗེས་སུ་སྐད་ཡིག་རིག་གནས་རྒྱུད་འཛིན་བྱེད་ཐུབ་ཐབས་མེད་ཅེས་ཤོད་མཁན་ཡང་མང་པོ་ཡོད། གནད་དོན་འདི་གཉིས་ལ་རྒྱུ་མཚན་དང་གནས་ལུགས་མི་འདྲ་བ་མང་པོ་ཡོད་ལ། བསམ་བློ་གཏོང་དགོས་པ་ཧ་ཅང་མང་པོ་ཡོད། བོད་རྒྱལ་ཁབ་དང་། བོད་མི་རིགས་གསོན་པོར་གནས་ཐུབ་ཆེད་གཙོ་ཆེ་ཤོས་གང་ཡིན་པ་དེར་དོ་སྣང་དང་བསམ་ཞིབ་བྱེད་དགོས། དེར་བརྟེན་གནད་དོན་འདིར་ངོས་འཛིན་གསལ་པོ་མ་ཐུབ་ན་མ་འོངས་པར་བོད་མི་རིགས་ཀྱང་རིམ་བཞིན་འཆི་ལམ་ལས་གསོན་ལམ་ཞིག་གཏན་ནས་མེད་པར་འགྱུར་ངེས་རེད། དེར་བརྟེན་གནད་དོན་གཙོ་བོ་གོང་དུ་བརྗོད་པ་བཞིན་རྒྱལ་ཁབ་ཀྱི་བདག་དབང་ལས་སྐད་ཡིག་གཙོ་བོར་འཛིན་དགོས་པའམ། ཡང་ན་རྒྱལ་ཁབ་ཀྱི་བདག་དབང་གཙོ་བོར་འཛིན་མ་ཐུབ་ན་སྐད་ཡིག་གནས་ཐབས་མེད་པའི་ལྟ་ཚུལ་དེ་རེད།

སྤྱིར་མི་རིགས་ཤིག་གནས་དང་མི་གནས་ཀྱི་གཙོ་བོ་སྐད་ཡིག་དང་། རིག་གནས་ལ་ཐུག་ཡོད་པའི་ལྟ་ཚུལ་འདིར་རྒྱུ་མཚན་ཆེན་པོ་ཡོད། དཔེར་ན་མན་ཇུའི་མི་རིགས་ཀྱིས་རྒྱ་ནག་ཁྱོན་ཡོངས་སུ་དབང་བསྒྱུར་ཡུན་རིང་བྱེད་མྱོང་ཡང་། མན་ཇུ་རང་ཉིད་ཀྱི་སྐད་ཡིག་དར་སྤེལ་རྒྱུན་འཛིན་མ་བྱས་པས། ད་ལྟའི་ཆར་མན་ཇུའི་སྐད་ཡིག་ཤེས་མཁན་མེད་པས་མི་རིགས་དེ་མིང་ཙམ་དུ་གྱུར་ཟིན། བོད་རྒྱལ་ཁབ་ནི་སྐད་ཡིག་རིག་གནས་ཀྱི་ཁྱབ་ཁོངས་གཅིག་གྱུར་ཡིན་པའི་མི་རིགས་ཤིག་ཡིན་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་སུ་ཇི་སྲིད་བར་གནས་ཐུབ་ན་དེ་སྲིད་བར་བོད་མི་རིགས་གནས་ཐུབ་ངེས་ཡིན་པ་ནི་གསལ་པོ་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་བོད་ནས་བོད་མི་ལྷག་བསམ་ཅན་མང་པོ་ཞིག་གིས་འབད་བརྩོན་ཆེན་པོ་གནང་གི་ཡོད་པ་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་ཁོར་ཡུག་དང་ནུས་པ་ལ་དཔག་པའི་འབད་བརྩོན་ཆེན་པོ་གནང་བཞིན་པས། བོད་རིགས་ཀྱི་ངོ་བོ་དང་བོད་ཀྱི་ཆོས་དང་རིག་གནས་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོར་གྱུར་ཡོད།

སྤྱིར་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་སའི་གོ་ལ་འདིའི་ཐོག་ནས་མི་ཉམས་པར་རྒྱུན་རིང་གནས་ཐུབ་ཆེད་སྐད་ཡིག་ཅིག་སྲུང་སྐྱོབ་བྱ་རྒྱུ་ཁོ་ནས་འགྲིག་འགྲོ་བ་ཞིག་ཀྱང་མིན་ལ། དཔེར་ན་རྒྱ་གར་རྒྱལ་ཁབ་ལ་མཚོན་ན་སྐད་དང་ཡི་གེ་ཧ་ཅང་མང་པོ་ཡོད་པ་དང་། དབྱིན་ཇིའི་སྐད་ཡིག་ལྟ་བུ་ལ་མཚོན་ན་མི་རིགས་མི་གཅིག་པ་དང་། རྒྱལ་ཁབ་མི་གཅིག་པ་མང་པོས་བེད་སྤྱོད་གཏོང་གི་ཡོད་པས་སྐད་ཡིག་གང་ཞིག་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ཚབ་མཚོན་ཉག་གཅིག་ཏུ་བརྩིས་ན་ཅུང་ཁྱབ་ཆུང་བར་ངོས་འཛིན་བྱེད་ཆོག འོན་ཀྱང་གོང་དུ་བརྗོད་པ་བཞིན་མི་རིགས་ཤིག་རྒྱུན་གནས་ཐུབ་པར་སྐད་ཡིག་དང་རིག་གཞུང་རྒྱུན་གནས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། རྩ་བས་མི་རིགས་ཤིག་གནས་དང་མི་གནས་ཀྱི་ས་མཚམས་འཛིན་དགོས་ན། སྐད་ཡིག་དང་འབྲེལ་བའི་རིག་གནས་རྣམས་རྒྱུན་འཛིན་བྱེད་ཐུབ་ཡོད་མེད་ཀྱི་ཐོག་ནས་ངོས་འཛིན་དགོས་པའི་ལྟ་ཚུལ་འཛིན་མཁན་གནའ་དེང་གི་མཁས་པ་མང་པོ་ཡོད་ལ། མི་རིགས་དེའི་ཁྲག་རྒྱུན་ཁོ་ནའི་ཐོག་ནས་ངོས་འཛིན་དགོས་ཚུལ་བརྗོད་མཁན་ཡང་ཡོད།

ད་དུང་ཕྱོགས་གཅིག་ནས་གོང་དུ་བརྗོད་པ་བཞིན་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་ངོ་བོ་མི་ཉམས་པར་གནས་ཐུབ་པར་སྐད་ཡིག་རིག་གནས་དང་། ཡུལ་གོམས་གཤིས་ལུགས་རྣམས་རྒྱུན་འཛིན་ཐུབ་མིན་ལ་རག་ལས་ཡོད་ཀྱང་། མི་རིགས་ཆེན་པོ་ཞིག་གི་འོག་ཏུ་གྲངས་ཉུང་མི་རིགས་ཤིག་གནས་ཐུབ་པར་ཕྱོགས་ཡོངས་ནས་དཀའ་ངལ་མང་པོ་ཡོད་པ་དང་། རིམ་བཞིན་ཤུགས་མ་ཐུབ་ཀྱིས་མི་རིགས་ཆེན་པོ་དེའི་ངོ་བོར་འགྱུར་འགྲོ་བ་ནི་རང་བཞིན་ལྟ་བུར་གྱུར་ཡོད། ལྷག་པར་དུ་དམར་ཤོག་གཅིག་སྡུད་དབང་འཛིན་པའི་བཙན་འོག་ཏུ་གནས་དགོས་ན། དེ་བས་ཀྱང་སྐད་ཡིག་རིག་གནས་རྒྱུན་འཛིན་བྱ་རྒྱུའི་གོ་སྐབས་དང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་མི་སྲིད་པ་ནི་སྨྲོས་མི་དགོས་པ་ཞིག་རེད། དེར་བརྟེན་མི་རིགས་ཤིག་རྒྱུན་འཛིན་བྱེད་པར་གལ་ཆེ་ཤོས་ནི་རྒྱལ་ཁབ་ཀྱི་བདག་དབང་ཡོད་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད་ཅིང་། རྒྱལ་ཁབ་ཀྱི་བདག་དབང་མི་རིགས་རང་ཉིད་ལ་ཡོད་ན་རང་གི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱ་རྒྱུར་གཞན་ལ་བསྟུན་དགོས་པ་གང་ཡང་མེད་པས་ཧ་ཅང་སྟབས་བདེ།

མདོར་ན་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་བྱ་རྒྱུར་རྒྱལ་ཁབ་ཀྱི་བདག་དབང་རྩོད་དགོས་པ་ལས། སྐད་ཡིག་གི་རང་དབང་ཙམ་དང་། འགྲོ་བ་མིའི་ཐོབ་ཐང་ཙམ་བརྩད་ནས་བོད་མི་རིགས་ཀྱི་ངོ་བོ་རྒྱུན་རིང་གནས་མི་ཐུབ། བོད་པའི་ངོས་ནས་འཚེ་མེད་ཞི་བའི་ལྟ་གྲུབ་དང་འགལ་མི་རུང་བའི་ལངས་ཕྱོགས་འཛིན་བཞིན་པ་དང་། དེ་དང་འགལ་བའི་གནས་ཚུལ་བྱུང་ན་བོད་དོན་ཐག་གཅོད་ཡོང་མི་སྲིད་པའི་ལྟ་ཚུལ་ཡོད་ཀྱང་། འཛམ་གླིང་གི་ཁོར་ཡུག་ལ་བལྟས་ན་ལོ་ཤས་སྔོན་ཐ་ལི་བྷན་རྒྱལ་སྤྱིའི་ཡོངས་གྲགས་ཀྱི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ཡིན་ནའང་། ཨབ་གྷ་ནི་སི་ཐན་གྱི་སྲིད་གཞུང་འཕྲོགས་རྗེས་རྒྱལ་ཁབ་མང་པོ་ཞིག་གིས་ཐ་ལི་བྷན་དེ་ཨབ་གྷ་ནི་སི་ཐན་གྱི་གཞུང་འཛིན་པར་ངོས་འཛིན་བྱ་རྒྱུའི་རྣམ་པ་གསལ་པོ་ཡིན་པས། ནུས་པ་དང་སྟོབས་ཤུགས་མེད་ན་རང་གི་ལུས་པོ་མེར་སྲེག་བཏང་བའང་འཚེ་བ་ཡིན་མིན་གྱི་རྩོད་གླེང་བྱེད། འོན་ཀྱང་ནུས་སྟོབས་ཡོད་ན་ཁ་སང་གི་འཇིགས་སྐུལ་རིང་ལུགས་པ། དེ་རིང་གཞུང་འཛིན་པར་ངོས་འཛིན་བྱེད་སྲིད་པས་འཐབ་རྩོད་ཀྱི་དམིགས་ཚད་གཏན་ནས་ནོར་མི་རུང་བ་ཞིག་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།