བོད་པས་བོད་པ་འདི་ལྟར་གསོན་ཟ་བྱེད་ཀྱི་འདུག
ཕྲན་ཡུལ་གྱར་ནས་བཟུང་སྐྱིད་སྡུག་གི་གནས་མལ་བཅའ་ས་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་ཞེས་པ་དེའོ། གཞིས་སྒར་འདི་བཙན་གནོན་ལ་བྱོལ་བའི་བོད་མིའི་སྡོད་སྒར་ཆེ་ཤོས་རེད་ཟེར་བའི་སྲོལ་འདུག་པ་ལྟར་བོད་པའི་གོམས་སྲོལ་ལ་མིའི་ངོ་ན་རང་དང་རང་སྡེ་ཆེ་རབས་དང་བཟང་རབས་ཟེར་བ་ལྟར་མིན་པར་དོན་ལ་གནས་འདུག་བསམས།
ཐེངས་འདིའི་འགྲུལ་བཞུར་དང་ལྷན་བོད་པས་བོད་ཟ་སྟངས་གླེང་བ།
འབའ་པ་སྐལ་བཟང་འཕྲིན་ལས།
ཕྲན་ཡུལ་གྱར་ནས་བཟུང་སྐྱིད་སྡུག་གི་གནས་མལ་བཅའ་ས་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་ཞེས་པ་དེའོ། གཞིས་སྒར་འདི་བཙན་གནོན་ལ་བྱོལ་བའི་བོད་མིའི་སྡོད་སྒར་ཆེ་ཤོས་རེད་ཟེར་བའི་སྲོལ་འདུག་པ་ལྟར་བོད་པའི་གོམས་སྲོལ་ལ་མིའི་ངོ་ན་རང་དང་རང་སྡེ་ཆེ་རབས་དང་བཟང་རབས་ཟེར་བ་ལྟར་མིན་པར་དོན་ལ་གནས་འདུག་བསམས། རྒྱུ་མཚན་གནས་འདིར་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་གཉིས། སྐྱ་བོའི་གྲོང་སྡེ་དགུ་ཡོད་པས་ཡིན། གཞུང་གི་མི་འབོར་གྲངས་ཀ་བཤེར་བའི་ཐོ་དང་ཚོད་དཔག་གང་ལ་བྱས་ཀྱང་མི་ཁྲི་ཁ་བརྒལ་ཡོད་བསམས། གཞིས་སྡོད་ལུང་པ་འདི་ཡུལ་གྱར་གཞན་(རྒྱ་གར་གྱི་ཡུལ་གྱར་གཞིས་སྒར་)དང་མི་འདྲ་བར་ཡུལ་མིའི་ཐུབ་ཚོད་སོགས་གནོན་བཙིར་ཆུང་ཤོས་ལུང་པ་ཞིག་རེད། དེར་བརྟེན་ལུང་པ་འདིར་བོད་པ་ཚོར་ཡུལ་མིའི་ཁྲོད་འབྱོར་བ་གསོག་སྒྲུབ་ཀྱི་གོ་སྐབས་མང་པོ་ཞིག་ཐོབ་ཀྱི་ཡོད། དེ་ནས་ད་ཐེངས་གླེང་བའི་གཙོ་བོའི་ཐོག་བབ་ནས་བཤད་པར་བྱའོ།
ངས་བསླངས་པ་གཙོ་བོ་ནི་འགྲུལ་བཞུད་དང་འབྲེལ་བའི་གླ་དངུལ་ནང་བོད་པས་བོད་པ་ཟ་སྟངས་དེ་རེད། བརྗོད་གཞི་གོང་དང་འཕྲོ་མཐུད་ནས་བཤད་ན་ང་ཚོའི་གཞིས་སྒར་ནང་འབྲས་སྤུངས་དང་གྲོང་ཚོ་གསུམ་པའི་གླ་འཁོར་དེ་བོད་པ་དང་དེ་ནས་རྒྱ་གར་གྲོང་པའི་བར་གླ་འཁོར་དེ་རྒྱ་གར་བས་བྱེད་འཐུས་པའི་གྲོས་མཐུན་ལྟར་ལག་ལེན་བཟོ་ཡི་འདུག དང་ཐོག་གླ་འཁོར་གྱི་གླ་ཆ་ག་ཚོད་མི་ཤེས་ཀྱང་ཀེ་ལོ་མི་ཊར་༡ ཙམ་གྱི་བར་ཐག་བསྒལ་བའི་འབྲས་སྤུངས་ནས་གྲོང་ཚོ་གསུམ་པའི་བར་མི་(ཕྱི་ལོ་༡༩༩༨)རེ་ལ་འཁོར་རིན་སྒོར་གསུམ་རེད། དེ་དུས་གཞིས་གྲོང་གསུམ་པ་ནས་རྒྱ་གར་བའི་གྲོང་ཚོ་བར་མི་རེར་འཁོར་གླ་སྒོར་༤ ཙམ་རེད། དེ་ནས་རིམ་པས་བོད་པའི་གླ་འཁོར་བ་ཚོས་སྒོར་༥ བར་སྤར་བས་རྒྱ་གར་བའི་ཁ་ལོ་བ་ཚོས་བར་ཐག་ཀེ་ལོ་མི་ཊ་གཅིག་ལ་སྒོར་༥ བར་སྤར་ན་ང་ཚོས་འདི་ནས་བར་ཐག་ལྡབ་གསུམ་རིང་བའི་སར་བསྐྱལ་བས་སྒོར་བཅུ་དགོས་ཟེར་ནས་སྒོར་བཅུ་བར་སྤར་སོང། དེ་ནས་ཟླ་ཤས་སྔོན་བོད་པའི་གླ་འཁོར་བའི་ཚོགས་པའི་འགོ་གཙོ་གསར་པ་ཞིག་འདེམས་ཐོན་བྱུང་བ་དེས་ད་གླ་འཁོར་གླ་བབ་སྒོར་༨ བར་སྤར་དགོས་ཟེར་འདུག
རྒྱུ་མཚན་ནི་གླ་འཁོར་ནང་སྡོད་མཁན་མང་ཆེ་བ་གྲྭ་པ་ཡིན་པས་སྒོར་༢ ཕར་བསློག་རྒྱུ་མི་འདུག་ཟེར་ན་གྲྭ་པ་ཚོས་མདའ་དེད་གཏོང་གི་མ་རེད་ལ། དོན་ལ་འཁོར་གླ་སྒོར་བཅུ་རག་པ་ཆགས་རེད་ཟེར། དེ་ནས་ཁ་ལོ་བ་ཚོས་ཀྱང་བསམ་པ་གཅིག་མཐུན་གྱིས་སྒོར་༨ བར་སྤར། སྐབས་དེར་དགོན་པ་ཁག་གི་དམངས་ཁྲོད་མ་རབས་བྱ་སྤྱོད་ཐ་ཤལ་གྱི་བྱ་བ་ཡིན་པའི་ལྟ་ཚུལ་ཤུགས་ཆེར་བྱུང་བས་ན་སྒོར་༡ མར་བཅག་ནས་སྒོར་༧ བཟོས་འདུག ད་དུང་དེ་ལས་ཧང་སང་པ་ཞིག་རྒྱུན་ལྡན་འབྲས་སྤུངས་ནས་ཧོབ་ལི་ཟེར་བའི་གྲོང་ཁྱེར་བར་རླངས་འཁོར་གླས་ནས་འགྲོ་ན་སྒོར་༡༢༠༠ ཙམ་ཡིན་ཡང་། ༧གོང་ས་མཆོག་གིས་རྡོར་གདན་སོགས་ཕྱི་ཕྱོགས་སུ་དུས་འཁོར་དབང་ཆེན་སོགས་ཆོས་ཀྱི་བྱེད་སྒོ་ཆེ་ཁག་སྤེལ་བའི་སྐབས་སུ་དགེ་འདུན་པ་གཙོས་པའི་བོད་མི་འགྲོ་མཁན་མང་བའི་སྐབས་དེ་དམ་འཛིན་བྱས་ནས་འཁོར་གླ་རྒྱུན་ལྡན་ལས་ལྡབ་སྤར་ཏེ་སྒོར་༢༥༠༠ ནས་༣༠༠༠ བར་ལེན་གྱི་ཡོད། སྐབས་དེ་དག་ཏུ་རྒྱ་གར་བའི་གླ་འཁོར་ནི་ནམ་རྒྱུན་ལྟར་ལས་སྤར་ཆག་ཅི་ཡང་མེད། ད་དུང་མོན་གྷོའི་གཞིས་ཆགས་ཟེར་བའི་བོད་མིའི་འདུས་སྡོད་དེའི་ཁྲོམ་ར་ལྟ་བུར་ཟང་ཟིང་ཆེ་ས་གྲོང་ཚོ་གསུམ་པ་ཟེར་བ་ཞིག་ཡོད།
དེ་ན་ཚོང་ཁང་དང་ཟ་ཁང་སོགས་མང་ཞིག་ཡོད་ཅིང་། དེ་དག་ཁྲོད་འགྲིམས་འགྲུལ་ཁང་ཟེར་བའི་ཁ་བྱང་འོག་གནམ་གྲུ་དང་མེ་འཁོར། འགྲུལ་སྐྱེལ་རླངས་འཁོར་བཅས་ཀྱི་འཛིན་ཡིག་ཚོང་ས་འགའ་ཤས་ཡོད། ཁོ་ཚོའི་ཚོང་གི་རྒྱུག་འགྲིམ་ཆེ་ཤོས་ནི་མེ་འཁོར་གྱི་འཛིན་བྱང་དེ་རེད། ཉིན་རེ་ བཞིན་ལྡི་ལི་དང། སྦེང་ལོར་དང། མེ་སོར། དེ་མིན་ས་གནས་གཞན་དག་ཏུ་ཉིན་རེ་བཞིན་ཆད་མེད་དུ་བོད་མི་འགྲོ་མཁན་ཡོད་ཡོད་པ་རེད་ལ། ལྷག་པར་དུ་ལྡི་ལིར་ཉིན་རེར་ཆ་སྙོམས་སྐྱ་སེར་བཅུ་གྲངས་རེ་འགྲོ་མཁན་ཡོད། དེ་ཡང་བོད་པ་ཚོས་རྒྱ་གར་བ་ལྟར་སྔོན་ཚུན་ནས་མེ་འཁོར་འཛིན་བྱང་མི་ཉོ་བ་དང་གཅིག ཧོབ་ལིབ་ནས་ལྡི་ལི་བར་ཉིན་རེར་མེ་འཁོར་ལྕགས་སྒམ་གཉིས་ལས་མེད་པ་དང་གཉིས། བོད་མི་ཚོ་ཡར་མར་འགྲོ་རྒྱུ་མང་བ་དང་གསུམ། དོན་གནད་གསུམ་པོ་དེས་འཛིན་བྱང་ཚོང་པ་ཚོར་དངུལ་ཟ་རྒྱུའི་ལམ་བུ་བདེ་མོ་ཞིག་བསྐྲུན་ཡོད་པའོ།
མེ་འཁོར་འཛིན་བྱང་ལ་རྒྱུན་ལྡན་དང་ཛ་དྲག་གི་འཛིན་བྱང་བཅས་གཉིས་ཡོད་པ་ལས་བོད་པ་མང་ཆེ་བས་ཛ་དྲག་གི་འཛིན་བྱང་ཉོ་ཡི་ཡོད། བོད་མི་མང་ཆེ་བས་མེ་འཁོར་གནས་རིམ་འབྲིང་བ(SL) དེ་ཡིན་ཞིང། འཛིན་བྱང་ཉོ་བར་མེ་འཁོར་འབབ་ཚུགས་སུ་ཉོ་ན་སྒོར་༨༥༠ ཡིན་པ་དང། བོད་པའི་འགྲིམ་འགྲུལ་ཁང་འབོད་པའི་ཚོང་གཉེར་བ་ཚོས་བོད་པར་བཙོང་དུས་དེང་གི་ཆར་སྒོར་༡༣༠༠ ནས་༡༥༠༠ བར་བྱས་ནས་བཙོང་གི་ཡོད། དེ་བཞིན་མེ་འཁོར་སྒམ་ཡག་ཤོས་(Ac) འབབ་ཚུགས་སུ་སྒོར་༢༢༠༠ ལས་མི་དགོས་ཀྱང་གོང་གསལ་བོད་པ་འཛིན་བྱང་ཚོང་མཁན་ཚོས་བོད་པར་སྒོར་༣༥༠༠ བྱས་ནས་བཙོང་བཞིན་ཡོད། ས་གནས་འདིར་བོད་པ་འཛིན་བྱང་ཚོང་གཉེེར་བ་མེད་པའི་སྐབས་རྒྱ་གར་བ་དེ་ཚོས་འཛིན་བྱང་ཐོག་ཁེ་བབ་སྒོར་༡༠༠ རེ་ལས་ལེན་གྱི་མེད། འོན་ཏེ་བོད་པ་ཚོས་འཛིན་བྱང་རེ་ལ་སྒོར་༥༠༠ ཡང་ན་སྒོར་༡༠༠༠ ལྷག་ཁེ་བབ་བླངས་པ་རྒྱ་གར་བས་རིག་ཏེ། ད་ཆར་རྒྱ་གར་བས་ཀྱང་ཁེ་བབ་སྒོར་༡༠༠ ནས་སྤར་ཏེ་བོད་པའི་ངན་གོམས་དེ་འགོས་ཟིན་འདུག ཁ་སང་ཁ་ཉིན་ཏེ་(༢༠༡༤/༦/༡༩)ཁོ་བོ་རང་དགོན་ནས་ས་ཆའི་ཕྱོགས་གཞན་ཞིག་ཏུ་ཐོན་པར་ མེ་འཁོར་འཛིན་བྱང་བཙོང་མཁན་རྒྱ་གར་བ་ཞིག་དང་ཐུག ངས་ཁོར་དེང་སྐབས་ཁྱེད་ཚོས་འཛིན་བྱང་ཐོག་ཁེ་བབ་ཚད་ལས་བརྒལ་བ་ལེན་གྱི་འདུག རིན་གོང་ཏོག་ཙམ་གཅོག་དགོས་བརྗོད་པར། རྒྱ་གར་བ་དེས་ཁྱེད་ཚོ་བོད་པ་འཛིན་བྱང་ཚོང་ལས་པ་ཚོས་རིན་གོང་དེ་ལས་མཐོ་བ་ལེན་གྱི་འདུག ངས་མེ་འཁོར་གནས་རིམ་འབྲིང་བའི་འཛིན་བྱང་རེ་འི་ཐོག་སྒོར་༣༠༠ ལས་ཁེ་བབ་ལེན་གྱི་མེད་མོད་བོད་པ་ཚོས་སྒོར་༥༠༠ ལེན་གྱི་འདུག ང་ཚོར་ཁེ་བབ་འདི་ལྟར་ལེན་པའི་སྲོལ་ཀ་དེ་བོད་པས་སྤྲད་པ་རེད་ཟེར་བས་ཁོ་བོས་ལན་ཅི་ཡང་འདེབས་རྒྱུ་མ་རྙེད། དེ་ནས་ལྡི་ལིར་འབྱོར་སོང་། ས་འདིར་འགྲིམ་འགྲུལ་ལས་ཁང་ཟེར་བའི་མིང་བྱང་འཁོད་པའི་འཛིན་བྱང་ཚོང་ས་མང་པོ་ཞིག་འདུག་པ་དང། དེ་དག་གི་ཚོང་གཉེར་བ་ནི་བོད་པ་དག་དག་རེད།
ཕྱི་ཟླ་༢ པའི་ནང་བོད་པའི་སློབ་མ་ཚོ་གུང་གསེང་གི་སྐབས་ལྡི་ལི་ནས་དྷ་སའི་བར་བསྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་རིན་གོང་རྒྱུན་ལྡན་༦༠༠ ནས་༦༥༠ ཡིན་ཡང་སྐབས་དེར་སྒོར་༩༥༠ བར་ཡར་སྤར་ཡོད་པ་རེེད། དེ་བཞིན་མེ་འཁོར་འཛིན་བྱང་ཡང་ལྡི་ལིའི་བོད་སྒར་གྱི་ལམ་ཆེན་ཕར་གྱི་རྒྱ་གར་འགྲིམ་འགྲུལ་ཁང་དང་ཚུར་ནང་གི་བོད་པའི་འགྲིམ་འགྲུལ་ཁང་དབར་སྒོར་༣༠༠ ནས་༦༠༠ བར་བོད་པས་རིན་གོང་མཐོ་བར་ལེན་གྱི་འདུག དེ་བཞིན་དེ་ལས་ཆེ་བའི་དོན་གནད་ཅིག་མིག་སྔར་ཐོན་སོང་། ངས་ཟླ་བ་གཅིག་གི་གོང་རོལ་ཏུ་ཨ་རིར་ཅ་ལག་ཆུང་ངུ་ཞིག་གཏོང་བའི་དོན་དུ་བོད་པས་གཉེར་བའི་མགྱོགས་གཏོང་སྦྲགས་ཁང་ཡན་ལག་ཁང་ཞིག་ཏུ་སོང་།
ངའི་ཅ་ལག་དེ་(ཕྲུ་གུའི་གོས་རེད)སྲང་ལ་གཞལ་བས་ཀེ་ལོ་ཟེར་བའི་ལྗིད་ཚད་དེ་ཀི་ལོ་ཕྱེད་ཀའི་མན་ན་ཡོད་པས། ཉིན་གསུམ་ནང་འབྱོར་བ་དེ་གཏོང་ན་གཏོང་གླ་སྒོར་༢༧༠༠ བབ་པ་རེད་ཅེས་ཟེར། དེ་ནས་ངས་བོད་པའི་ཚོང་གཉེར་བའི་བཤད་པ་ལྟར་རིན་དངུལ་བཏོན་ཏེ་ཅ་ལག་གཏོང་བའི་སྦྱོར་བ་རྩོམ་པས་ན། ངའི་རོགས་པས་དང་པོར་ལམ་འགྲམ་གྱི་རྒྱ་གར་བས་གཉེར་བའི་མགྱོགས་གཏོང་སྦྲགས་ཁང་ཡན་ལག་ཁང་དུ་རིན་གོང་ག་ཚད་ཡིན་མིན་འདྲི་བར་འགྲོ་དགོས་ཟེར་བ་ལྟར་སོང་། རྒྱ་གར་བ་དེས་ཅ་ལག་སྲང་ལ་གཞལ་ཏེ་ཉིན་གསུམ་ནང་བཏང་ཡུལ་དུ་འབྱོར་བ་དེའི་སྦྲགས་གླ་སྒོར་༡༡༠༠ རེད་ཟེར། དེ་ནས་ངས་ཅ་ལག་དེ་ནས་གཏོང་རྒྱུའི་ཐག་བཅད། འོན་ཏེ་ད་དུང་ང་ལ་དོགས་པ་ཞིག་ཡོད་པ་ནི་རྒྱ་གར་བས་སྦྲགས་གླ་གོང་བཅག་སྟངས་ལ་གཞིགས་ན་ཁ་ཆད་ལྟར་ཉིན་གསུམ་ནང་ཅ་ལག་དེ་བསྐུར་ཡུལ་ལ་འབྱོར་མིན་དེ་རེད། འོན་ཏེ་སྒོར་༡༦༠༠ ཡི་རིན་གོང་ཆུང་བས་ན་དེར་གཏོང་བའི་འདུན་པ་གཏན་ནས་འགོག་ཐུབ་ཀྱི་མི་འདུག་གོ
ཉིན་གསུམ་རྫོགས་སོང་ཏག་ཏག་ཅ་ལག་དེ་ཅ་ལག་བསྐུར་ཡུལ་ལག་ཏུ་འབྱོར་སོང་བའི་ཆ་དེ་སླེབས་སོང་། དུས་དེ་ནས་ང་ཧང་སངས་ཤིང་ཧོན་འཐོར་ལ། ༧གོང་ས་མཆོག་གིས་རྟག་ཏུ་སྐབས་མང་པོར་བོད་པའི་ཀུན་སྤྱོད་ཉམས་དམས་སུ་འགྲོ་བཞིན་པའི་བཀའ་སློབ་གནང་དོན་ཅི་ཡིན་གཞི་ནས་རྟོག་པ་སད། བར་ཐག་གོམ་པ་བཅུ་གྲངས་ཙམ་ཆོད་པའི་གནས་ཡུལ་དབར་སྒོར་༡༦༠༠ ཡི་བར་ཁྱད་བྱུང་བ་དེ་ནིས་དེང་སྲོལ་ཚོང་ལུགས་ཀྱི་སྒྲིག་སྲོལ་དང་འགལ་བའི་ཧམ་ཟས་དང་། གནའ་ལུགས་ཆོས་སྲོལ་གྱི་རྒྱུ་འབྲས་དང་འགལ་བའི་འཕྲོག་བཅོམ་ཁོ་ནའོ། མདོར་ན་བོད་དེ་དག་གིས་དངུལ་བཟའ་བའི་འདོད་པ་ལ་གང་རྒྱུ་མི་འདུག་ཅིང། ཅི་འདོད་གང་མཁོ་ལ་ཆོག་པའི་བློ་མིག་མི་འདུག་གོ བོད་པ་དེ་རིགས་ལ་རང་རིགས་ལ་ཤ་ཚ་བའི་རིགས་ཀྱི་ཞེན་པ་མི་འདུག་ཅིང། གཅིག་རྒྱབ་གཅིག་གིས་སྐྱོང་བའི་ལ་རྒྱའི་དྲོད་རླབས་མི་འདུག་གོ། ༢༠༡༤/༦/༡༩ ཧུབ་ལེ་ནས་འགོ་འཛུགས་ཏེ་༢༠༡༤/༦/༢༡ ཐོ་རངས་ལྡི་ལི་རུ་གྲུབ་པར་བྱས། སླར་ཡང་༢༠༡༤/༦/༢༡ ཉིན་དགུང་འཕྲི་སྣོན་ཅུང་བྱས་ནས་ཡོངས་སུ་གྲུབ་པར་ལས་སོ།