བོད་པས་རྒྱ་ནག་གི་རྩ་ཁྲིམས་འོག་རང་སྐྱོང་རྩོད་བཞིན་ཡོད་པ་གསལ་པོ་རེད།
ཟླ་འདིའི་ཚེས་༢༢ ཉིན་གྱི་སྔ་དྲོ་སྲིད་སྐྱོང་བློ་བཟང་སེང་གེ་ཁེ་ན་ཌར་ཕེ་བས་པ་དང་སྟབས་བསྟུན། ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ཀྱིས་སྲིད་སྐྱོང་དང་ལྷན། གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡུལ་གྱི་ཚོགས་ཁང་དུ་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
ཟླ་འདིའི་ཚེས་༢༢ ཉིན་གྱི་སྔ་དྲོ་སྲིད་སྐྱོང་བློ་བཟང་སེང་གེ་ཁེ་ན་ཌར་ཕེ་བས་པ་དང་སྟབས་བསྟུན། ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ཀྱིས་སྲིད་སྐྱོང་དང་ལྷན། གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡུལ་གྱི་ཚོགས་ཁང་དུ་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་མས་(Arif Virani) དེ་རིང་འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཁེ་ན་ཌའི་གྲོས་ཚོགས་ཀྱི་གསར་འགོད་ལྷན་ཁང་ནང་ཕེབས་ཡོད། བོད་མི་དང་བོད་ཀྱི་གནད་དོན་ལ་ཐུག་སྐབས་ཁེ་ན་ཌའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཀས་ལངས་ཕྱོགས་གཅིག་གྱུར་ཐོག་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད། ང་འབུམ་རམས་པ་བློ་བཟང་སེངྒེ་དང་ངོ་ཤེས་ཆགས་ནས་ལོ་གཅིག་ལྷག་ཙམ་འགྲོ་བཞིན་འདུག ཁོང་ནི་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་འབྲེལ་སྲིད་ཇུས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་སོགས་ཀྱི་ཐོག་མཁྱེན་རྒྱ་ཡངས་པོ་རེད། ང་གཉིས་དབར་མཚུངས་ཆོས་འགའ་ཤས་ཡོད་པ་རྣམས་ནི་ངེད་གཉིས་ཀ་ཕ་མེས་ཨེ་ཤི་ཡ་ནས་ཡིན་པ་དང་། ང་ཡང་དྷ་སར་འགྲོ་མྱོང་ཡོད་ཅེས་སྲིད་སྐྱོང་གི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་།
ཁོང་གིས། ཁེ་ན་ཌའི་ནང་བོད་མི་མང་ཤོས་གནས་ཡུལ་ནི་ང་གྲོས་ཚོགས་འཐུས་མིར་འདེམས་མཁན་གྱི་ས་གནས་ Parkdale -High Park ཆགས་ཡོད། ཁོང་ཚོ་བརྒྱུད་ནས་ངས་འབུམ་རམས་པ་བློ་བཟང་སེང་གེའི་སྐོར་ལ་ཤེས་རྟོགས་གང་བྱུང་བ་ནི། ཁོང་ནི་དབུ་ཁྲིད་འཇོན་ཐང་ཅན་ཞིག་ཡིན་པ་མ་ཟད། དབུ་མའི་ལམ་གྱི་སྲིད་ཇུས་ལ་ཆོད་སེམས་བརྟན་པོས་རྒྱུན་སྐྱོང་གནང་མཁན་ཞིག་ཡིན་འདུག དེའི་སྐོར་རྗེས་སུ་ཁོང་རང་ཉིད་ཀྱིས་གསལ་བཤད་གནང་རྒྱུ་རེད། དབུ་མའི་ལམ་གྱི་ལངས་ཕྱོགས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་དབང་འོག་བོད་དང་བོད་མི་ཚོར་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།
དེ་རྗེས་ཚོགས་གཞོན་གྷར་ནེ་ཌི་ཇི་ནེ་སིས་ Garnett Genuis གསུང་དོན། ང་ཚོའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་རྣམས་བོད་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཞུ་མུས་ཡིན། དབུ་མའི་ལམ་གྱི་ལངས་ཕྱོགས་དེས་ཁ་བྲལ་རྩོད་ཀྱི་མེད། ལངས་ཕྱོགས་དེའི་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་ནང་དམག་དཔུང་རྒྱ་སྐྱེད་ཀྱི་ལས་གཞི་བཅས་ཀྱི་གནས་སྟངས་ཐོག་དོན་དམ་གྱི་སེམས་འཚབ་འོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་རྩོད་བཞིན་ཡོད། ང་ཚོ་འདི་ག་ཁེ་ན་ཌར་མཚོན་ནའང་རྩ་ཁྲིམས་གཅིག་འོག་མི་རིགས་དང་རིག་གཞུང་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་པའི་གནས་སྟངས་འདིར་འཛམ་གླིང་གཞན་གྱི་མིག་དཔེར་བརྩི་བཞིན་ཡོད། དེར་བརྟེན་ཁེ་ན་ཌའི་ནང་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་གཞན་ལས་བཟང་བ་ཞིག་ཡོད། ང་ཚོས་དེ་ལྟར་ལག་བསྟར་བྱས་ནས་འགྲོ་བཞིན་ཡོད་སྟབས་བོད་མི་ཚོས་རྩོད་བཞིན་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་དེར་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད། ཁོང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་དབང་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད་པ་གསལ་པོ་རེད། དེ་ལྟར་ལག་བསྟར་ཐུབ་རྒྱུ་ཡིན་པ་ནི་ང་ཚོ་ཁེ་ན་ཌར་དཔེ་བླངས་པ་ཡིན་ན་དེ་ལས་གསལ་རྟོགས་ཐུབ་རྒྱུ་རེད། ངས་བོད་དོན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ལས་འགུལ་ནང་ཆ་ཤས་ལེན་ཐུབ་པ་དེས་ངར་ཆེ་མཐོང་ཐོབ་པ་ཞིག་བྱུང་ཞེས་གསུངས།
དེ་རྗེས་ཁེ་ན་ཌའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་རཱ་ཌལ་སྒེ་རི་སོན་(Radal Garrison) གྱིས་གསུང་དོན།
དེ་རིང་ངས་སྡིངས་ཆ་གཅིག་ཐོག་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་དང་ལྷན་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། ང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་གནད་དོན་གསལ་ནས་བོད་མི་ཚོར་ཚད་ལྡན་རང་སྐྱོང་གི་གནས་བབ་ཐོབ་ཆེད་ཁེ་ན་ཌའི་གཞུང་གི་རྒྱབ་སྐྱོར་མུ་མཐུད་ཚད་མཐོན་པོར་གནས་ཆེད་རེད། ངའི་རེ་བར་ད་ལྟའི་གཞུང་གིས་དེ་སྔའི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་ལངས་ཕྱོགས་བཟུང་བ་དེའི་ཐོག་ཤར་སྐྱོད་གནང་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ང་ཚོའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་འདོན་བཞིན་ཡོད་སྟབས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱབ་སྐྱོར་གནང་རྒྱུའི་གོ་སྐབས་བཟང་པོ་ཤིག་མཐོང་གི་འདུག ཅེས་གསུངས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་གསར་འགོད་གསལ་བསྒྲགས་ཐོག་དབུ་མའི་ལམ་གྱི་སྲིད་ཇུས་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།