བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ ༥༩ འཁོར་བའི་དུས་དྲན་སྲུང་བརྩི། 

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་༥༩ འཁོར་བའི་དུས་དྲན་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་༧སྨན་རིའི་ཁྲི་འཛིན་༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་ཀྱིས་བཙན་བྱོལ་ལ་མི་འབུམ་གཅིག་ལྷག་མ་གཏོགས་མེད་པས། དེ་དག་ནང་ཕན་ཚུན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཚང་མ་མཐུན་ལམ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། 

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་༥༩ འཁོར་བའི་དུས་དྲན་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེས་བཙན་བྱོལ་ལ་མི་འབུམ་གཅིག་ལྷག་མ་གཏོགས་མེད་པས། དེ་དག་ནང་ཕན་ཚུན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཚང་མ་མཐུན་ལམ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། 

དེ་རིང་སྟེ་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཙམ་ལ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༥༩ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་འཚོགས་པ་དང་། མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་རྣམ་པ།  སྲིད་སྐྱོང་བློ་བཟང་སེང་གེས་དབུས་པའི་བཀའ་བློན་ཁག་ཅིག དེ་བཞིན་སྤྱི་འཐུས་ཚོགས་གཞོན་ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། ཕྱི་རྒྱལ་རོགས་ཚོགས་ཁག་གི་སྐུ་ཚབ་རྣམ་པ། དྷ་སའི་ཉེ་འཁོར་གྱི་སེར་སྐྱ་མི་མང་བཅས་མཉམ་འཛོམས་བྱས་འདུག 

སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་གིས་སྐུ་མགྲོན་གུས་བསུ་བྱེད་པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཆེད་དུ་ངག་ཆད་ཞུ་བ། རྒྱ་གར་དང་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་གཏོང་བ་བཅས་ཀྱི་དུས་རྒྱུན་གྱི་མཛད་སྒོ་དབུ་འབྱེད་ཀྱི་བྱེད་སྒོ་རྣམས་གྲུབ་རྗེས།  བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རྒན་ཐུབ་བསྟན་རྡོ་རྗེ་ཡིས་བོད་ཕྲུག་ཁྱིམ་སྡེ་ནི་༡༩༦༠ ལོར་ཐོག་མར་བོད་མིའི་ལམ་བཟོ་བའི་བུ་ཕྲུག་༥༡ ཙམ་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མས་ཐུག་འགན་བཞེས་པ་དང་། དེ་ནས་ཁོང་སྐུ་ཚེ་མ་ཟིན་པའི་དབང་གིས་༡༩༦༤ ལོར་སྐུའི་གཅེན་མོ་རྗེ་བཙུན་པདྨས་འགན་བཞེས་ནས་སྐུ་ཚེ་ཧྲིལ་པོ་བཏང་བའི་ལོ་རྒྱུས་དང་བྱུང་རིམ་དང་། བོད་ཕྲུག་ཁྱིམ་སྡེ་ནི་བཙན་བྱོལ་བོད་མིའི་དྭ་ཕྲུག་དང་ཕྱེད་དྭ་ཕྲུག ཉམ་ཐག་བཅས་ལ་གཟིགས་སྐྱོང་དང་ཤེས་ཡོན་མཁོ་སྤྲོད་བྱེད་པའི་ཚོགས་སྡེ་ཞིག་ཡིན་པ། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་འོག་ཏུ་དགེ་ལས་དང་སློབ་མ་ཇི་ཡོད་སོགས་ཀྱི་ངོ་སྤྲོད་གནང་སོང་།

མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཞོན་ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་སྒྲོགས་སྦྱང་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་ལྟར། བོད་ཀྱི་སྐད་ཡིག་གི་ཤེས་ཡོན་རྣམས་ངེས་པར་ཡོད་དགོས་པས། མ་འོངས་པར་ཡང་བོད་ཁྱིམ་དབུ་ལས་རྣམ་པས་གཞི་རིམ་བོད་མི་ཤེས་ཡོན་སྲིད་བྱུས་དེ་ཉིད་ཁྱབ་ཁོངས་སློབ་གྲྭ་ཁག་ཡོངས་ལ་ལག་བསྟར་མཐིལ་ཕྱིན་པ་བྱེད་གལ་ཆེ་བ་དང་། སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཁོ་ནར་གཙོ་བོར་མི་འཛིན་པར་དོན་དངོས་ཤེས་ཡོན་ཐོག་སྤུས་ཚད་གོང་མཐོར་གཏོང་ཐབས་དང་། དགེ་ལས་རྣམས་ལ་མཐུན་རྐྱེན་གང་ལེགས་སྐྲུན་ཐབས་དགོས་ཚུལ་སོགས་འཁོད་འདུག 

དེ་བཞིན་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གཏམ་བཤད་གནང་བའི་ནང་། བོད་ཕྲུག་ཁྱིམ་སྡེས་སྤྱིར་འཛམ་གླིང་སྤྱི་ཡོངས་ནང་སྤྱི་པའི་ཞབས་ཕྱི་ཞུ་ཐུབ་མཁན་དང་། སྒོས་སུ་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཞུ་མཁན་མང་པོ་ཞིག་བསྐྱེད་སྲིང་བྱས་པས། དགེ་ལས་ཡོངས་ལ་བཀའ་དྲིན་ཆེ་དང་བསྔགས་བརྗོད་ཞུས་པའི་ཐོག ལུང་པ་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུ་ཡང་ཕྲུ་གུ་ལྔ་ལས་གཅིག་སློབ་གྲྭར་འགྲོ་ཐུབ་ཀྱི་མེད་པའི་གནས་སྟངས་དང་བསྡུར་བ་ཡིན་ན། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་འོག་དང་། ༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཕ་མ་ག་འདྲ་ཞིག་ཡིན་ཡང་བོད་ཕྲུག་སློབ་གྲྭར་གཏོང་བའི་མཐུན་རྐྱེན་ཡོད་པ་དང་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཡིག་རྨོངས་སེལ་བའི་བརྒྱ་ཆ་དེ་༩༤ ཡིན་པས། གནས་ཡུལ་རྒྱ་གར་དང་། དེ་བཞིན་བལ་ཡུལ་དང་པ་ཀི་སི་ཐན་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཡིག་རྨོངས་སེལ་བའི་ཚད་ལས་མཐོ་བ་ཡོད་པ།  དེ་ཡང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་དགེ་ལས་རྣམས་ཀྱིས་དཀའ་ལས་བསྐྱོན་པའི་བཀའ་དྲིན་ཡིན་ཚུལ་སོགས་གསུངས་སོང་། 

ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་སྨན་རིའི་ཁྲི་འཛཱིན་རིན་པོ་ཆེས་བཀའ་སློབ་བསྩལ་དོན། “ང་རང་ཚོའི་བོད་མི་རིགས་དེ་འཛམ་བུ་གླིང་འདིར་གནས་པར་བྱེད་པ་ལ། བོད་ཀྱི་ཆབ་དཔལ་རིག་གསུམ་གལ་ཆེན་པོ་རེད། དེའི་ནང་ནས་ཀྱང་རིག་གནས་གལ་ཆེན་པོ་རེད། ང་ཚོས་རིག་གནས་ལབ་ན་མ་ལབ་ན་རིག་པའི་གཞུང་ལུགས་རེད།  རིག་པའི་གཞུང་ལུགས་གཙོ་བོ་དེ་ང་རང་ཚོའི་བོད་མི་རིགས་ཀྱི་སྐད་དང་ཡི་གེ་དེ་མ་འོངས་པའི་སོན་རྩ་ཡིན་པའི་སློབ་ཕྲུག་རྣམ་པས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དེ་འགན་འཁྲི་རེད། དེ་འདྲ་ཡིན་དུས། ད་ལྟ་བར་དུ་ལས་དོན་དང་ཕྱོགས་གང་ཐད་ནས་ལྟ་བ་ཡིན་ནའང་ཡག་ཐག་ཆོད་ཅིག་དང་། གྲུབ་འབྲས་ཐོན་པོ་ཞིག་ཡོད། གཙོ་བོ་དེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལན་སྟོན་དང་དབུ་ཁྲིད་འོག་ནས་ང་ཚོ་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལས་བྱེད་རྣམ་པ་ཚང་མའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་དེ་ང་ཚོས་ངོས་འཛིན་ཐོབ་དགོས་རྒྱུ་རེད་བསམ་གི་འདུག”

གཞན་ཡང་། ཁོང་གིས་“བཙན་བྱོལ་ལ་མི་འབུམ་གཅིག་ལྷག་མ་གཏོགས་སླེབ་ཐུབ་ཡོད་མ་རེད། དེའི་ནང་ཕན་ཚུན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཚང་མ་མཐུན་ལམ་གཅིག་སྒྲིལ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག དེ་འདྲ་ཡིན་དུས་ང་ཚོ་ཆོལ་ཁ་རེད། ཆོས་བརྒྱུད་རེད། དེ་ཚོས་ཞེན་ཁོག་བྱས་ནས་ཆགས་སྡང་རྨོངས་གསུམ་བྱེད་རྒྱུ་མི་འདུག ང་ཚོའི་སློབ་གྲྭ་ཁོར་ཡུག་གང་ས་གང་དུ་རང་ལས་གཞན་གཅེས་ལབ་ཀྱི་འདུག རང་ལས་གཞན་གཅེས་ལབ་པ་དེ་ང་ཚོ་བོད་ཀྱི་ཆོས་དེ་ཐེག་པ་ཆེན་པོའི་ཆོས་ཡིན་དུས། སོ་སོ་ལས་གཞན་པ་གཅེས་དགོས་ཀྱི་རེད་ཟེར་གྱི་ཡོད་རེད། སོ་སོ་ལས་གཞན་པ་གཅེས་དགོས་ཀྱི་ཡོད་ན། སྤྱི་ཚོགས་དང་། སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན། གོང་དུ་ཕྱག་ལས་གནང་མཁན་ལ་བརྩི་བཀུར་ཞུ་དགོས་པ་དང་། དེ་ལ་དང་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། རང་ལས་གཞན་གཅེས་ཟེར་བ་དེ་དང་པོ་ནས་ཆེན་པོ་ཞིག་བཤད་དེ་འཛམ་བུ་གླིང་ཨ་ལོག་རྒྱག་དགོས་ན་མི་གཅིག་གིས་ཐུབ་པ་ཞིག་ཡོད་མ་རེད། དེ་འདྲ་ཡིན་དུས་སོ་སོ་རང་ངོས་ནས་མི་གཅིག་དང་མཐུན་ལམ་བྱེད། གཉིས་དང་མཐུན་ལམ་བྱེད་དགོས་རེད”ཅེས་བོད་མི་ནང་ཁུལ་ལ་མཐུན་ལམ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་སོང་། །  

གསར་འགོད་པ་དཀོན་མཆོག་རབ་བརྟན།  

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།