བོད་ཕྲུག་རྣམས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཐོན་འདུག
ཟླ་བ་འདིའི་ཚེས་ ༢༢ ཉིན་རྒྱ་གར་གྱི་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲ་ཚིགས་སྟེང་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན།
བོད་པའི་སློབ་གྲྭ་ཁག་ ༡༦ ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༡༠༢༧ ནས་ཡིག་རྒྱུགས་ནང་དུ་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༩༩༧ ཡིག་རྒྱུགས་འཕྲོད་ཡོད་པ་དང་། རྒྱུགས་འཕྲོད་པའི་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༩༧.༠༨ ཡིན་ཞིང་། ཆ་སྙོམས་ཀྱི་བརྒྱ་ཆ་ ༧༣.༤༨ ཟིན་ཡོད་འདུག
དེ་བཞིན་བོད་པའི་སློབ་གྲྭ་ཁག་ ༢༧ ནས་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༡༡༨༨ ནས་ཡིག་རྒྱུགས་ནང་དུ་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༡༧ ཡིག་རྒྱུགས་འཕྲོད་ཡོད་པ་དང་། རྒྱུགས་འཕྲོད་པའི་སྤྱི་ཡོངས་བརྒྱ་ཆ་ ༩༤.༠༢ ཡིན་ཞིང་། ཆ་སྙོམས་ཀྱི་བརྒྱ་ཆ་ ༦༣.༡༤ ཟིན་ཡོད་འདུག
འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་ནི་སྦེལ་ཀོབ་སཾ་བྷོ་ཊ་ནས་ཡིན་པའི་སློབ་མ་བསྟན་འཛིན་འོད་ཟེར་ལགས་ལ་བརྒྱ་ཆ་ ༩༥.༢ དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྒྲོན་ལགས་ལ་བརྒྱ་ཆ་ ༩༥ ལོན་ཡོད་ཅིང་། གཞན་ཡང་དགའ་ལྡན་ཕོ་བྲང་གི་སློབ་ཡོན་བཞེས་མཁན་ནང་སྒྱུ་རྩལ་སྡེ་ཚན་ནས་སློབ་མ་ ༤ དང་ཚན་རིག་སྡེ་ཚན་ནས་སློབ་མ་ ༣།
དེ་བཞིན་ཚོང་རིག་སྡེ་ཚན་ནས་སློབ་མ་ ༣ བཅས་ཡོད་འདུག་པས་ལོ་འདིའི་དགའ་ལྡན་ཕོ་བྲང་གི་སློབ་ཡོན་བཞེས་མཁན་ཁོངས་ནས་བུ་གཅིག་དང་གཞན་ཚང་མ་བུ་མོ་ཡིན་པ་དང་། གཞན་ཡང་སྲིད་སྐྱོང་གི་སློབ་ཡོན་བཞེས་མཁན་སློབ་མ་གཉིས་ཀ་བུ་མོ་ཡིན་འདུག །
གསར་འགོད་པ་བདེ་སྒྲོན།