བོད་མདོ་སྨད་རྔ་བ་རུ་བོད་མི་ཞིག་གིས་རང་སྲེག་རྒྱ་རྒོལ་བྱས།
ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ ཡོལ་ཙམ་ལ་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་ཡོན་ཏན་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག
ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ ཡོལ་ཙམ་ལ་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་ཡོན་ཏན་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག
དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཡོན་ཏན་རང་ལོ་༢༤ ཡིན་པ་དང་། རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཡོད་འདུག ཁོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་བསོད་དོན་དང་། མ་ཚེ་ཁོ་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་མྱོང་ཡོད་ཀྱང་། རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་འདུག དེ་མིན་གནས་ཚུལ་བྱུང་རྗེས་ས་གནས་ལ་དམ་དྲག་ཅི་བྱུང་དང་། ཁོང་གི་སྐུ་ཕུང་ནང་མིར་རག་ཡོད་མེད་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
རྒྱ་ནག་གིས་བོད་དབང་སྒྱུར་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གཏོང་མཁན་བཙན་བྱོལ་བོད་མིའི་ནང་༡༠ བྱུང་ཡོད་པ་དང་། བོད་ནང་ཤེས་རྟོགས་གསལ་པོ་བྱུང་བ་༡༥༤ ཟིན་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།