བོད་མི་གཞན་ཕན་གྱིས་བཟོ་སྐྲུན་བྱས་པའི་གློག་བརྙན་ལ་ལྟད་མོ་བ་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་འདུག
བོད་མི་གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་སྟོན་པ་གཞན་ཕན་(Shenpenn Khymsar)གྱིས་བཟོ་སྐྲུན་བྱས་པའི་ཧིན་རྡི་དང་བལ་པོའི་སྐད་གཉིས་ལྡན་གྱི་གློག་བརྙན་(Broken Wings)ཞེས་པ་དེར། ལྟད་མོ་བ་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་འདུག་པ་དང་། གློག་བརྙན་ཁང་མང་པོ་ཞིག་ནང་རྐུབ་སྟེགས་ཆ་ཚང་ཁེངས་ནས་ལྟད་མོ་བ་ཚོས་ལྟད་མོའི་དུས་ཚོད་རྗེས་མར་ངང་སྒུག་བྱེད་དགོས་པ་ཆགས་ཀྱི་ཡོད་འདུག
དེ་ཡང་ཟླ་༨ པའི་ཚེས་༢༦ ཉིན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གི་གློག་བརྙན་ཁང་༦ ཏུ་གཞན་ཕན་གྱིས་བཟོས་པའི་གློག་བརྙན་དེ་འགྲེམ་སྤེལ་བྱས་འདུག་པ་དང་། ཕྱིས་སུ་མངའ་སྡེ་གཞན་དང་བལ་ཡུལ། དེ་བཞིན་དྲ་ཐོག་གློག་བརྙན་ཁང་དུ་ཡང་འགྲེམ་སྤེལ་བྱེད་འཆར་ཡོད་པ་རེད་འདུག གློག་བརྙན་དེའི་འཁྲབ་ཁྲིད་པ་གཞན་ཕན་ཡིན་ཁར། དེའི་འཁྲབ་སྟོན་མི་སྣ་གཙོ་བོའི་ཁོངས་སུ་འཁྲབ་སྟོན་པ་གསར་པ་ཁག་ཅིག་དང་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་རྙིང་པ་ཁག་ཅིག་ཀྱང་ཡོད་པ་རེད་འདུག
གཞན་ཕན་ནི་རྡོ་རྗེ་གླིང་དུ་སྐྱེས་པ་ཞིག་ཡིན་པས། ཁོང་གི་གློག་བརྙན་དེ་ཡང་ཕྱི་ལོ་༡༩༨༨ ནས་༡༩༩༢ ལོ་བར་རྡོ་རྗེ་གླིང་དུ་བལ་པོའི་མི་རིགས་ཚོས་རྒྱ་གར་ནང་དུ་གོར་ཁའི་མངའ་སྡེ་ཞིག་ཟུར་དུ་དགོས་པའི་ངོ་རྒོལ་ལས་འགུལ་གྱི་དངོས་བྱུང་ལོ་རྒྱུས་གཞིར་བཞག་གིས། སྲིད་དོན་དང་བརྩེ་དུང་གི་སྒྲུང་ལྡན་པའི་གློག་བརྙན་ཞིག་ཡིན་འདུག གློག་བརྙན་དེ་རྒྱ་གར་གྱི་གློག་བརྙན་ཞིབ་བཤེར་ལས་ཁང་གིས་རྒྱབ་གཉེར་ཐོབ་ཡོད་ཁར། རྒྱ་གར་གྱི་ལོ་རྒྱུས་ནང་དུ་ཧིན་རྡི་དང་བལ་པོའི་སྐད་གཉིས་ལྡན་གྱི་གློག་བརྙན་དང་པོ་ཡིན་སྐོར་བརྗོད་བཞིན་འདུག
ཐོག་མར་གློག་བརྙན་དེ་ཟླ་༤ པའི་ནང་འགྲེམ་སྤེལ་བྱེད་འཆར་ཡོད་ཀྱང་། གློག་བརྙན་ནང་གི་གཞས་སྣའི་བདག་དབང་དང་འབྲེལ་བའི་ཁ་མཆུ་ཞིག་དང་འབྲེལ་ནས། གློག་བརྙན་དེ་ད་བར་འགྲེམ་སྤེལ་བྱས་ཐུབ་མེད་པ་རེད། དུས་སྐབས་དེའི་རིང་བལ་པོའི་སྐད་རྒྱག་མཁན་སྒྱུ་རྩལ་བ་མང་པོ་ཞིག་གིས་ཁོང་གི་གློག་བརྙན་ལ་རྒྱབ་སྐྱོར་བྱས་ནས། གློག་བརྙན་དེ་གང་མགྱོགས་འགྲེམ་སྤེལ་ཡོང་ཐུབ་པ་བྱེད་པའི་རེ་སྐུལ་བྱས་འདུག
གཞན་ཕན་གྱིས་དེ་སྔོན་དངོས་བྱུང་གློག་བརྙན་རྨི་ལམ་གྱི་འགྲུལ་བཞུད་ཅེས་པ་ཞིག་འགྲེམ་སྤེལ་བྱས་ཡོད་པ་དང་། དེར་དགའ་མོས་ཆེན་པོ་ཐོབ་ཡོད་པ་རེད། དེ་བཞིན་ཁོང་གིས་འཇིག་རྟེན་དང་ལྷ་སའི་སྐྱོ་སྣང་སོགས་ཀྱི་གློག་བརྙན་བཟོ་སྐྲུན་བྱས་ཡོད་ཁར། རང་ཉིད་ཀྱིས་ཀྱང་གློག་བརྙན་དེ་དག་ནང་འཁྲབ་སྟོན་བྱས་ཡོད་པ་རེད་འདུག
ཕྱི་ལོ་༢༠༢༡ ལོའི་ཟླ་༦ པའི་ཚེས་༡༡ ཉིན་རྒྱ་གར་གྱི་དྲ་ཐོག་གློག་བརྙན་བལྟ་ཡུལ་(Hotstar) ཐོག་ཏུ། གཞན་ཕན་ཡོད་པའི་རྒྱ་གར་གློག་བརྙན་(Shaadisthan) ཞེས་པ་དེ་འགྲེམ་སྤེལ་བྱས་ཡོད་པ་དང་། གློག་བརྙན་དེར་བསྟོད་བསྔགས་མང་པོ་ཐོབ་འདུག དེ་ཡང་གློག་བརྙན་དེའི་ནང་གི་འཁྲབ་སྟོན་མི་སྣ་གཙོ་བོའི་གྲས་སུ་གཞན་ཕན་ཡོད་པ་དང་། ཁོང་གིས་གློག་བརྙན་དེའི་ནང་འཁྲབ་སྟོན་མི་སྣ་ཞིག་ལ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་། རང་གི་ཕ་མ་གཉིས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་ནས་རང་ཉིད་དེ་གར་སྐྱེས་པ་ཡིན་པའི་སྐོར་བརྗོད་ཀྱི་འདུག བོད་མི་ཁག་ཅིག་གིས་སྐད་ཆའི་དུམ་མཚམས་དེ་གློག་བརྙན་གྱི་འཁྲབ་ཁྲིད་པ་སོགས་ཀྱིས་ཞིབ་བཤེར་མ་བྱས་པར་དགའ་བསུ་ཞུས་ཡོད་ཁར། བོད་མི་མང་པོ་ཞིག་གིས་གློག་བརྙན་དེ་བལྟས་ནས་གཞན་ཕན་ལ་དགའ་བསུ་ཆེན་པོ་ཞུས་འདུག
ཁོང་གིས་བཙན་བྱོལ་བོད་མི་དང་འབྲེལ་བའི་གློག་བརྙན་གཞིས་ཆགས་ཞེས་པ་ཞིག་བཟོ་སྐྲུན་བྱེད་འཆར་དང་འབྲེལ་ནས། དེ་སྔོན་འཁྲབ་སྟོན་པ་འདེམས་སྒྲུག་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།