བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་འདུག
ཟླ་འདིའི་ཚེས་༩ ཉིན་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་འདུག
སྐབས་དེར་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་དང། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས། ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚུལ་ཁྲིམས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པ་ལྔ་བཅུ་ལྷག་ཚོགས་ཞུགས་ཀྱིས་ཚོགས་འདུ་དབུ་འཛུགས་གནང་ཡོད་འདུག
ཚོགས་ཐོག་ཏུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མི་ནང་ཁུལ་གྱི་རིག་རྩལ་དང་མི་འགྲོ་བཀོལ་སྤྱོད་ཀྱིས་མཉམ་ལས་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་མ་སེལ་བར་བཙན་བྱོལ་ནང་ཚགས་ཚུད་ཡུན་གནས་ཡོང་ཐབས་ལ་འབད་དགོས་པ་དང་། དེང་རབས་ཀྱི་འཕྲུལ་ལས་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་དུས་སྐབས་སུ་བོད་མི་རྣམས་ཁ་ཐོར་དུ་འགྲོ་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་གྲ་སྒྲིག་དགོས་སྐོར་ངོ་སྤྲོད་གནང་འདུག།
དེ་བཞིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ཡིས་ཚོགས་འདུ་འདི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མིའི་ཁྲོད་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་གནས་སྟངས་རྒྱུས་ལོན་བྱ་རྒྱུ་དང་། འཕྲུལ་ལས་ཆེད་ལས་པ་ནང་ཁུལ་མཉམ་འབྲེལ་གྱིས་བོད་མིའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཐབས་ཐད་ལམ་སྟོན་དང་འབྲེལ་ལམ་འཛུགས་ཐབས་ཀྱི་སྐོར་ལ་གསུང་བཤད་གནང་འདུག
ཉིན་གྲངས་གཉིས་རིང་གི་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུའི་ཐོག་འབྱུང་འགྱུར་བརྡ་འཕྲིན་འཕྲུལ་ལས་ཡར་རྒྱས་གཏོང་སླད་ཐབས་བྱུས་འདིང་རྒྱུ་གཙོ་བོར་གྱུར་པའི་བོད་མིའི་སྤྱི་ཚོགས་ཁྲོད་འཕྲུལ་ལས་ཆེད་ལས་པ་གོང་འཕེལ་བཏང་བའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འཆར་སྣང་བཞིན་བརྡ་འཕྲིན་གྱི་འཕེལ་འགྱུར་ཡོང་ཐབས་ཀྱི་དམིགས་ཚད་བཟུང་ཡོད། བརྡ་འཕྲིན་འཕྲུལ་ལས་ཐོག་གོམ་སྟབས་སྤོ་རྒྱུ་དེ་ནི་བཀའ་ཤག་སྐབས་བཅུ་དྲུག་པའི་འཆར་སྣང་གཙོ་བོ་ཞིག་ཡིན་ཞིང་། དེ་འབྲེལ་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ པའི་འགོ་སྟོད་དུ་བོད་མིའི་སྒྲིག་འཛུགས་ནས་བརྡ་འཕྲིན་ཐབས་བྱུས་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུ་ནི་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་དང་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་ཡོད་པ་དང་། དེར་ཨ་རིའི་རོགས་ཚོགས་ (USAID) དང་། (National Democratic Institute) གཉིས་ཀྱིས་མཐུན་འགྱུར་སྦྱར་ཡོད་པ་རེད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།